༢༠༡༠ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་ཡིག་ཚན་པའི་སྤྱི་ཁྱབ་འགན་འཛིན་གྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་འབྲས་ལྗོངས་མངའ་སྡེ་གཞུང་ནས་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐོག་མར་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ཌོག་ཌར་པ་ཝང་ཀུ་མར་ཅམ་གླིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་གཞུང་གི་བློན་ཆེན་ཁག་དང་གྲོས་ཚོགས་ཀྱི་འཐུས་མི། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཆེན་མོས་གཙོས་ལས་བྱེད་ཁག་དང་དེ་བཞིན་ས་གནས་ཡུལ་མི་དང་བོད་མི་བཅས་ཁྱོན་མི་གྲངས་ ༢༠༠༠༠ བརྒལ་བར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ།
དེ་ཡང་ཐོག་མར་༸གོང་ས་མཆོག་གི་དེར་འདུས་མི་མང་རྣམས་ལ་བཀའ་སློབ་ཕེབས་དོན། དེ་རིང་སྦས་ཡུལ་འབྲས་མོའི་ལྗོངས་ཀྱི་སྒང་ཏོག་ས་གནས་སུ་མང་ཚོགས་ཁྱེད་རྣམས་ཐུག་སྟེ་ཆོས་འབྲེལ་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་གར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཆེད་མངགས་ཕེབས་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བྱེད་རྒྱུ་ཡིན། ཞེས་བཀའ་སློབ་ཕེབས་རྗེས་ཐོག་མ་ནང་ཆོས་ངོ་སྤྲོད་མཛད་པའི་ནང་སངས་རྒྱས་པའི་ཆོས་ལ་སློབ་སབྱོང་བྱེད་དགོས་པ་ལས་དད་པ་བྱས་པ་གཅིག་པུས་མི་འགྲིག་པ་ཡིན། བཅོམ་ལྡན་འདས་ཀྱིས་ཐར་པ་ཐོབ་དང་མ་འཐོབ་དེ་རང་ཉིད་ལ་རག་ལུས་པ་ཞིག་ཡིན་ཞེས་གསུང་ཡོད་སྐོར་དང་།
སངས་རྒྱས་པའི་ཆོས་ལ་སློབ་སབྱོང་བྱེད་དགོས་པ་ལས་སྐྱབས་སུ་མཆི་བརྗོད་ནས་བསྡད་ན་མི་འགྲིག སྐྱབས་འགྲོ་ནི་ཆོས་ལུགས་གཞན་ལའང་ཡོད། སངས་རྒྱས་པའི་ཆོས་ནང་རྒྱུ་མཚན་ཡོད་མེད་བརྟག་དཔྱད་བྱས་པ་བརྒྱུད་ཆོས་ལ་དད་པ་སྐྱེ་དགོས་པ་ལས་རྨོངས་པའི་ཐོག་ནས་སྐྱབས་སུ་མཆི་བརྗོད་ན་མི་འགྲིག ཅེས་དང་དེ་བཞིན་མིའི་སྤྱི་ཚོགས་ནང་བྱམས་བརྩེ་དགོས་པ་ལས་དངུལ་གཅིག་པུས་བདེ་སྐྱིད་སྤྲོད་མི་ཐུབ། དེར་བརྟེན་ཁྱིམ་ཚང་ཞིག་ཡིན་ནའང་འདྲ། ཡང་ན་སྤྱིི་ཚོགས་སམ་རྒྱལ་ཁབ་གང་ཡིན་ཡང་བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་རྒྱུ་རེད། ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་བྱམས་བརྩེ་ཞེས་པ་འདི་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་བཀའ་དྲིན་ཆེ་བ་སྩལ་གྲུབ་རྗེས་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་ཆེ་བ་མཛད་དེ་མི་མང་རྣམས་ལ་བཀའ་སློབ་ཕེབས་དོན།
བྱང་ཆུབ་སེམས་འགྲེལ་གྱི་ཕྱག་དཔེ་འདི་ཧིན་ཡིག་དང་བལ་པོའི་སྐད་ཡིག་ནང་དུའང་ཡོད་པས་ཁྱེད་ཚོས་ཡག་པོ་ལྟོས་ཤིག དེ་སློབ་སབྱོང་བྱེད་རྒྱུའི་སློབ་དེབ་ཡིན་བསམས་པ་བྱེད་དགོས། དེ་རྗེས་རིམ་པས་བསྟན་འགྱུར་གྱི་གཞུང་གཞན་རྣམས་ལ་ལྟ་ཐུབ་པ་བྱུང་ན་ཡག་པོ་ཞེ་དྲག་ཡོང་གི་རེད། ཅེས་སོགས་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ་གྲུབ་རྗེས་ཆོས་རྒྱལ་གྱི་དྲན་རྟེན་མེ་ཏོག་ལྡུམ་རར་ཆིབས་ཞལ་བསྒྱུར།ཆུ་ཚོད་ ༡༢ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་རྣམས་འབྲས་ལྗོངས་མི་དབང་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་མཆོག་གི་དྲན་གསོའི་མེ་ཏོག་ལྡུམ་རར་ཆིབས་སྒྱུར་བསྐྱངས་ཏེ་དེར་འབྲས་ལྗོངས་མངའ་ཁུལ་གྱི་ཐུན་མོང་མིན་པའི་མེ་ཏོག་སྣ་ཚོགས་ཡོད་པར་གཟིགས་སྐོར་མཛད་གྲུབ་རྗེས་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ཌོག་ཌར་པ་ཝང་ཀུ་མར་ཅམ་གླིང་མཆོག་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་གུང་ལྗགས་སྨིན་བློན་ཆེན་མཆོག་གིས་འདེགས་འབུལ་ཞུས་འདུག་པ་བཅས།།