༢༠༡༠ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །’འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཤེས་རིག་ལས་ཁུངས་ནས་ལྡི་ལི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༦ ཉིན་སློབ་གྲྭའི་འགན་འཛིན་ཁག་ཅིག་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་ཞིག་(IInd Inclusive Education Conference for School Leaders)གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི་ཕྲུ་གུ་ཚོས་སློབ་གྲྭའི་ནང་སློབ་སྦྱོང་གི་ཆ་ཤས་ལེན་སྐབས་ཚང་མར་དབང་པོ་དང་རིག་པ་ཡག་སྡུག་གི་དབྱེ་འབྱེད་མེད་པར་འཛིན་གྲྭ་ཕྱི་ནང་གི་བྱེད་སྒོ་ཐ་དག་ཏུ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་དང་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་བཞིན། འབྲེལ་ཆགས་དགེ་རྒན་དང་། འཛིན་སྐྱོང་། ཕ་མ་བཅས་ནས་མཐུན་འགྱུར་གང་ཞིག་གནང་དགོས་པའི་སྐོར་ཡིན། ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༡༣།༧ ནང་༼དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་གང་ཐུབ་སྤྱི་ཡོངས་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་གཞན་དང་མཉམ་སློབ་སྦྱོང་སྤྲོད་རྒྱུའི་ཐབས་ཤེས་བྱེད་དགོས།་་་་་་་་་་སློབ་དགེ་རྣམས་ལའང་ལུས་སེམས་གཉིས་ཐད་ནས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲོད་ཚུལ་གྱི་ཟབ་སྦྱོང་ཚད་ལྡན་ངེས་པར་དུ་སྤྲོད་དགོས།༽ ཞེས་འཁོད་ཡོད་པ་ལྟར་བོད་གཞུང་ཤེས་རིག་ལས་ཁུངས་ནས་མཁས་དབང་གདན་ཞུས་ཀྱིས་དགེ་རྒན་ཟབ་སྦྱོང་ནམ་འཚོགས་ལ་དམིགས་བསལ་ཤེས་ཡོན་ནམ་མཉམ་ཞུགས་ཤེས་ཡོན་སྐོར་གོ་རྟོགས་སྤེལ་མུས་ཡིན་པ་རེད། ད་ཐེངས་ཉིན་གསུམ་གྱི་ཟབ་སྦྱོང་དུ་ཕེབས་མཁན་ཁོངས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ ༢༠ དང་། བལ་ཡུལ་ཀ་ཐ་མན་ཌུ་ཁུལ་གྱི་སློབ་གྲྭ ༤ ལྡི་ལི་བོད་ཁྱིམ་སློབ་གྲྭ སྔོན་དགའ་སློབ་གྲྭ དོན་གྲུབ་གླིང་སློབ་གྲྭ་བཅས་ཀྱི་སློབ་སྤྱི་དང་དགེ་ཆེ་རེག་ཊར་སོགས་འགན་འཛིན་ ༣༣ ཟབ་སྦྱོང་ནང་འཛུལ་ཞུགས་གནང་ཡོད། སློབ་འཁྲིད་གནང་མཁན་དབྱིན་ཡུལ་ནས་ཕེབས་པའི་དམིགས་བསལ་ཤེས་ཡོན་ཐད་མཉམ་མྱོང་ཅན་ལྕམ་སྐུ་ནི་ཀོ་ལ་ (Nicola Tansley) ཡིན་པ་རེད། ཕྱི་ཚེས་ ༡༨ ཉིན་དགུང་ཆུ་ཚོད་ ༡༢།༠༠ ཐོག་གི་མཇུག་བསྡོམས་མཛད་སྒོར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨེས་སི་ཁུན་ཏི་ཡ་མཆོག་(S.C Khuntia)ནས་ཚོགས་བཅར་བ་རྣམས་ལ་ལག་འཁྱེར་དང་མཇུག་བསྡོམས་གསུང་བཤད་གནང་རྒྱུ་ཡིན་འདུག དབུས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་ཨ་ལོག་ཝར་མ་མཆོག་ (Alok Verma)དང་ཤེས་ཡོན་འགན་འཛིན་རྣམ་གཉིས་ཀྱང་ཕེབས་གཏན་འཁེལ་འདུག སློབ་གྲྭའི་འགན་འཛིན་ཚོར་ཟབ་སྦྱོང་དང་པོ་དེ་ཕྱི་ལོ་ ༢༠༡༠ ཟླ་བ་དང་པོའི་ནང་བྱང་ཁུལ་གྱི་སློབ་གྲྭ་ཁག་ཅིག་ལ་ས་ར་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་ཡོད་པ་བཅས།།