༢༠༡༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༧ ཉིན་རྡ་ས་གངས་སྐྱིད་སམ་བྷོ་ཊ་ཉིན་སློབ་ཀྱི་ལོ་འཁོར་རྩེད་འགྲན་ཐེངས་བཅུ་གཅིག་པ་དང་། སྟབས་བསྟུན་རང་ཅག་བོད་མི་རྣམས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་དུས་སྟོན་དང་བཀའ་དྲིན་རྗེས་དྲན་སླད་མཛད་སྒོ་སྲུང་བརྩི་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ས་བྷོ་ཊ་སྤྱི་ཁྱབ་ལས་ཁུངས་ཀྱི་སྐུ་ཚབ་ཆོས་དར་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འགན་འཛིན་ཚེ་རིང་གཡུ་སྒྲོན་ལགས། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་རྗེས་སློབ་ཕྲུག་རྣམས་ནས་མཉམ་གཞས་གངས་ཅན་བོད་དེ་ང་ཚོའི་ཕ་ཡུལ་ཡིན། ཞེས་པ་དང་ལུས་རྩལ་མཉེན་སྦྱོང་གྲུབ་མཚམས་སློབ་གྲྭའི་དགེ་ཆེས་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་གླུ་གཞས་དང་། སྙན་ཚིག གཏམ་བརྗོད་ཁག་གཅིག་འཁྲབ་སྟོན་ཞུས་གྲུབ་བསྟུན་སྐུ་མགྲོན་གཙོ་བོས་རྩེད་འགྲན་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན། དེ་རིང་འདིར་སམ་བྷོ་ཊའི་གངས་སྐྱིད་ཉིན་སློབ་ཀྱི་ལོ་རེའི་རྩེད་འགྲན་ཉིན་མོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་སུ་དགུང་གྲངས་ ༧༥ ཕེབས་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་ལྷན་གོ་སྒྲིག་གནང་བ་ཞིག་ཡིན་སྟབས། འདིར་ཕེབས་པའི་ཁྱེད་རྣམས་ལ་ཤེས་རིག་ལས་ཁུངས་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་བཀའ་དྲིན་རྗེས་དྲན་སླད་དེ་རིང་གི་རྩེད་འགྲན་འདི་འཚོགས་བཞིན་ཡོད། སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་དེ་སྐབས་སུ་བབས་པའི་སོ་སོའི་སློབ་སྦྱོང་དང་ཀུན་སྤྱོད་ཡག་པོ་བྱེད་རྒྱུ་ཙམ་མ་ཟད། དགེ་རྒན་དང་ཕ་མ་ཚོའི་ཞལ་ལ་ཡག་པོ་ཉན་རྒྱུ་དེ་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་ཤིག་ཡིན། དེ་བཞིན་དགེ་རྒན་ལས་བྱེད་ངོས་ནས་སོ་སོའི་སྐབས་ཐོག་གི་ལས་འགན་དེ་དག་གལ་ཆེན་པོ་ཆགས་ཡོད། དེ་ཚོའི་ཐོག་ལྷག་བསམ་རྣམ་དག་དང་འབད་བརྩོན་ཡོད་རྒུ་རྩལ་སྤྲུག་གི་ཐོག་ནས་ཞབས་འདེགས་སྒྲུབ་རྒྱུ་དེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡག་ཤོས་ཤིག་རེད། ཕྱོགས་མཚུངས་སློབ་ཕྲུག་ཚོའི་ཕ་མ་མང་པོ་ཞིག་གིས་ཐུགས་སྣང་ཆེན་པོའི་སྒོ་ནས་འདིར་ཕེབས་འདུག་པས། སོ་སོའི་ཕྲུ་གུ་དེ་དག་ལ་འཛིན་གྲྭའི་སྐབས་ཙམ་མ་ཡིན་པར་ཁྱིམ་ཚང་ནང་ཕ་མའི་ངོས་ནས་བཟང་སྤྱོད་ཀྱི་བསླབ་བྱ་རྒྱག་རྒྱུ་དེ་ཤེས་ཡོན་དང་འབྲེལ་བ་ཡོད་པར་བརྟེན། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་སྟངས་ཡག་ཤོས་རེད་སྙམ་གྱི་འདུག ང་རང་ཚོའི་གསུང་སྲོལ་དུ་༸རྒྱལ་བའི་བཀའ་བསྒྲུབ་ན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན། ཞེས་པ་ལྟར་ལག་ལེན་གནང་རྒྱུ་དེ་གལ་ཆེན་པོ་རེད། བར་ལམ་ཞིག་ནས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་བསྒྱུར་བཅོས་བྱེད་རྒྱུ་འགོ་ཚུགས་ཡོད། དམའ་རིམ་སློབ་གྲྭའི་སྐབས་ནས་ཕྲུ་གུར་བོད་པའི་སྐད་ཡིག་འབྲི་ཀློག་དག་གསུམ་ཡག་པོ་ཞིག་ཤེས་པ་བཟོ་དགོས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། ཞེས་སོགས་གསུང་བཤད་གནང་རྗེས་སློབ་དགེ་འཚམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། སློབ་གྲྭ་འདི་བཙུགས་ནས་ལོ་ ༣༢ འཁོར་བ་དང་སློབ་འཇུག་གྲངས་ ༡༡༧༤ བྱུང་འདུག་པ་བཅས། །