༢༠༡༠ ཟླ་ ༡༡ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ངྲུག་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བཏོན་པའི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་གྱི་དུས་རིམ་ལོ་རྒྱུས་ཞིབ་ཕྲ་བཀོད་པའི་དཔེ་དེབ་(2008 Uprising in Tibet) ཞེས་པ་འདོན་སྤེལ་གནང་ཡོད། དཔེ་དེབ་དེའི་ནང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་ཁུལ་གང་སར་བོད་མིས་ཞི་བའི་གྱེན་ལངས་ཤུགས་ཆེན་བྱེད་སྐབས་ཚེ་སྲོག་ཤོར་བ་དང། རྨས་སྐྱོན་ཕོག་པ། བཙོན་འཇུག་བྱས་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གྲངས་འབོར་གང་ཤེས་རྟོགས་བྱུང་བ་རྣམས་དུས་རིམ་དང་བཅས་ཞིབ་ཕྲ་བཀོད་ཡོད་པ་མ་ཟད། ཞི་བའི་གྱེན་ལངས་ཀྱི་བྱུང་རྐྱེན་དང་བོད་ས་ཡོངས་ལ་ཁྱབ་འཕེལ་ཇི་ལྟར་ཕྱིན་པ་སོགས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་བཏོན་ཡོད། སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་དོན། ང་ཚོས་སྙན་དེབ་འདི་བཞིན་འདོན་སྤེལ་བྱེད་དགོས་པའི་རྒྱུ་མཚན་གཉིས་ཡོད། དང་པོ་ནི། མ་འོངས་བོད་ཀྱི་མི་རབས་རྣམས་ཀྱི་ཆེད་བོད་པའི་ལོ་རྒྱུས་ནང་ཕྱི་ལོ་ ༢༠༠༨ ལོའི་གནས་ཚུལ་དེ་དག་འཁོད་པ་བྱེད་རྒྱུ་དང། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ལ་ཞི་བའི་གྱེན་ལངས་རྒྱ་ཆེ་བྱུང་བའི་སྙན་ཐོ་ཕྱོགས་སྒྲིག་བྱེད་དགོས་དོན་གཙོ་བོ་ནི་ལོ་ངོ་ ༦༠ རིང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་དང་བོད་མི་ཚོ་སོ་སོའི་མི་ཚེ་ཇི་ལྟར་སྐྱེལ་དགོས་ཡོད་མེད་ཐོག་ལ་ཐེ་བྱུས་བྱེད་བཞིན་ཡོད་ནའང། བོད་མི་རྣམས་ནས་རང་གི་ལེགས་བྱང་ལ་གུས་འདུད་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་པ་ལོ་རྒྱུས་ནང་འཁོད་ཆེད་ཡིན། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཉམས་ཞིབ་པ་ནོར་འཛིན་ལྷ་མོ་ལགས་ཀྱིས་གསུང་དོན། སྙན་ཐོའི་དེབ་འདིའི་ནང་ཕྱི་ལོ་ ༢༠༠༨ ལོར་ཞི་བའི་གྱེན་ལངས་བྱེད་དགོས་དོན་དང། ག་དུས་བྱས་པ། ཇི་ལྟར་བྱས་པའི་སྐོར་འགྲེལ་བཤད་གསལ་སྟོན་བྱས་ཡོད་ཅེས་གསུངས་པ་དང་སྦྲགས། ཡང་ཁོང་གིས་གསུང་དོན། བོད་ནང་གསར་འགྱུར་བརྒྱུད་ལམ་གྱི་ཐོག་དམ་བསྒྲགས་ག་ཚོད་བྱས་ཀྱང་ཕྱི་ལོ་ ༢༠༠༨ ལོར་སྤེལ་བའི་ཞི་བའི་གྱེན་ལངས་སྐབས་ཀྱི་དུས་རིམ་དང་གནས་ཚུལ་གང་རག་པ་དེར་གཞི་བཞག་སྟེ་ཞིབ་འཇུག་བྱས་པ་ཞིག་ཡིན། ཞེས་གསུངས་ཡོད། གཞན་ཡང་སྙན་དེབ་དེའི་ནང་ཞི་བའི་གྱེན་ལངས་སྐབས་བོད་མི་ཚེ་སྲོག་ཤོར་བ་དང། རྨས་སྐྱོན་ཕོག་པ། བཙོན་འཇུག་བྱས་པ། གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཐོ་ཙམ་མ་ཟད། བོད་ནང་ཞི་བའི་གྱེན་ལངས་བྱུང་སའི་ས་ཁྲ་ཡང་བཀོད་ཡོད་པ་བཅས།།