༢༠༡༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཐོག་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་རྡ་སར་འཚམས་གཟིགས་ལ་ཕེབས་ཡོད་པ་དང་སྟབས་བསྟུན་རང་གཞུང་གི་སྲི་ཞུ་བ་ཡོངས་ལ་བོད་དོན་སྐོར་ལ་གཏམ་བཤད་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ལྷན་འཛོམས་ཀྱིས་ཕྱི་དྲིལ་དྲུང་ཚབ་བཀྲ་ཤིས་ལགས་ཀྱིས་ཨ་རི་དང་ཁ་ཎ་ཌ་ནས་ཕེབས་པའི་རྒྱ་རིགས་ཤེས་ཡོན་ཅན་ཁག་བཞི་ལ་ཐོག་མར་ཕེབས་བསུའི་གསུང་བཤད་གནང་གྲུབ་བསྟུན་གནང་མཚམས་ཨ་རི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་རིགས་མི་སྣ་བཞི་པོ་ངོ་སྤྲོད་གྲུབ་རྗེས་ཐོག་མར་སྐུ་ཞབས་ཤང་ཞའོ་ཅིན་ལགས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་དང་རྒྱ་ནག་གི་གནས་སྟངས་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བའི་ནང་རྒྱ་ནག་དེ་བཞིན་དམར་པོའི་རྒྱལ་ཁབ་ལ་བསྒྱུར་བ་དེས་རྒྱ་མི་རིགས་ལ་ལོ་ངོ་ ༦༠ དཀའ་སྡུག་མྱོང་བ་དང་བོད་མི་རིགས་ལོ་ངོ་ ༥༠ བཙན་བྱོལ་དུ་གནས་དགོས་གྱུར་བ། དེ་བཞིན་རྒྱ་ནག་དང་ཨ་རིའི་དཔལ་འབྱོར་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད། དེ་ནས་སྐུ་ཞབས་ཤག་ལིན་ལགས་ཀྱིས་བོད་ཀྱི་མ་འོངས་པའི་ཐབས་ལམ་དང་དེ་ལ་ཐབས་ཤེས་ཇི་ཡོད་སྐོར་གསུང་བཤད་གནང་དོན། བོད་ཀྱི་མ་འོངས་པའི་ཐབས་ལམ་གྱི་ནང་ནས་དང་པོ་ནི་རང་བཙན་ཡིན། འོན་ཀྱང་རང་བཙན་ཆེད་རྒྱལ་སྤྱིའི་ངོས་ནས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་མེད་ན་ཁག་པོ་ཡིན། ཐབས་ལམ་བཟང་ཤོས་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དེ་ཡིན། རྒྱ་ནག་དེ་མང་གཙོ་ཡང་དག་པ་ཞིག་ཏུ་མ་བསྒྱུར་བར་བོད་ལ་རང་སྐྱོང་ཐོབ་རྒྱུ་ཁག་པོ་རེད། དེར་བརྟེན་རྒྱ་ནག་གི་ནང་མང་གཙོའི་ལས་འགུལ་དང་བོད་ལ་རང་སྐྱོང་གཉིས་མཉམ་བསྐྱོད་བྱེད་དགོས། ལོ་རྒྱུས་ཐོག་ཧཱན་རྒྱ་རིགས་དང་བོད་རིགས་དབར་གྱི་འབྲེལ་བ་དེ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་བྱས་རྗེས་འགྱུར་བ་ཕྱིན་ཡོད། འོན་ཀྱང་རྒྱ་ནག་ནང་དམར་ཤོག་གི་སྲིད་གཞུང་དེ་མེད་པ་ཆགས་རྗེས་ང་ཚོ་བསྐྱར་དུ་སྤུན་མཆེད་ལྟར་འབྲེལ་ལམ་བཟང་དུ་འགྲོ་གི་རེད། འདི་ལོར་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱབ་སྐྱོར་མཛད་པར་ང་ཚོ་རྒྱ་རིགས་ཡོངས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་གྱི་དོན་ཚན་ཁག་གི་ནང་ཐོབ་ཐང་ཇི་འཁོད་ཡོངས་རྫོགས་ལག་བསྟར་བྱེད་ཀྱི་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་སྐུ་མཁྱེན་མ་ཕིན་ཡུས་ལེན་ལགས་ཀྱིས་རྒྱ་རིགས་དང་བོད་རིགས་དབར་གྱི་འབྲེལ་བ་གནང་ཕྱོགས་ཐོག་རྒྱ་རིགས་གཅིག་གི་ལྟ་ཚུལ་ཇི་ལྟར་ཡོད་སྐོར་གསུང་བཤད་གནང་ཡོད། སྐབས་དེར་ཁོང་གིས་གསུང་དོན། སྐུ་ཞབས་ལིའུ་ཞའོ་པོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནི་ཁོང་གིས་ཕྱི་ལོ་ ༢༠༠༨ རྩ་འཛིན་ཡིག་ཆ་བཏོན་ཏེ་རྒྱ་ནག་མང་གཙོ་དང་རང་དབང་ཆེད་ཕྱག་ལས་གནང་བ་དེར་ངོས་འཛིན་གནང་བ་ཙམ་མ་ཟད། རྒྱ་ནག་མི་མང་སྟོང་ཕྲག་མང་པོ་དང་བོད་ནང་གི་བོད་མི་རྣམས་ཀྱིས་སྐུ་ལས་བསྐྱོན་པ་དེར་ངོས་འཛིན་གནང་ཡོད། ནོར་ཝེ་རྒྱལ་སར་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་རྒྱུའི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ང་ཚོས་མགྲོན་འབོད་ཞུ་འཆར་ཡོད། ཅེས་གསུངས། ཡང་ཁོང་གིས་བོད་རྒྱ་གཞོན་སྐྱེས་དབར་འབྲེལ་ལམ་བཟོ་རྒྱུ་གལ་ཆེན་པོ་ཡིན། ངས་ཁེ་ཎ་ཌར་གནས་སྡོད་རྒྱ་རིགས་ཚོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་སྲིད་བྱུས་ལོག་པ་བེད་སྤྱོད་བྱེད་བཞིན་པ་དེར་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་མ་ཡང་བྱས་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ཎ་ཌར་ཆིབས་སྒྱུར་སྐབས་བོད་རྒྱ་བགྲོས་གླེང་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་རིགས་མཉམ་ཞུགས་གནང་མཁན་གྱི་གྲངས་ཚད་དེ་ ༡༥༠ ནས་ ༣༠༠ བར་འཕར་ཡོད། བོད་རྒྱ་མི་རིགས་གཉིས་ཀྱི་དབར་གྲོས་མོལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་མི་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་སླད་ང་ཚོས་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་དེ་ཐེར་འདོན་བྱེད་དགོས། ཞེས་སོགས་གསུངས། དེ་རྗེས་སྐུ་ཞབས་ཀྲུའུ་ཞོལ་དབྱངས་ལགས་ཀྱིས་རྒྱ་ནག་གི་བོད་ནང་ཆབ་སྲིད་འཕེལ་ཕྱོགས་སྐོར་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་སྟེ་དྲུང་ཚབ་བཀྲ་ཤིས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་གཏམ་བཤད་གནང་མཁན་རྒྱ་རིགས་ཤེས་ཡོན་ཅན་ཁོང་རྣམས་ལ་ཁ་བཏགས་གཡོག། ཀྲུའུ་ཞོལ་དབྱངས་ནི་སྡོད་གནས་ཨ་རི་དང་དངོས་ཁམས་རིག་པའི་ཐོག་མཁས་དབང་དང་མི་རིགས་གནད་དོན་ཞིབ་འཇུག་པ་ཞིག་ཡིན་འདུག ཤང་ཞའོ་ཅིན་སྡོད་གནས་ཨ་རི་དང་རྒྱ་ནག་གི་ཁྲིམས་ལུགས་མཁས་པ་དང་། རྒྱ་ནག་དམངས་གཙོའི་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་ཁྲིད་ཞིག་ཡིན་འདུག སྐུ་མཁྱེན་མ་ཕིན་ཡུས་ལེན་ནི་སྡོད་གནས་ཁེ་ཎ་ཌ་དང་། ཁེ་ཎ་ཌའི་རྒྱ་རིགས་སྤྱི་ཚོགས་ཡོངས་ཀྱི་འགན་འཛིན་ཡིན་འདུག ཤག་ལིན་ནི་སྡོད་གནས་ཨ་རི་དང་ནིའུ་ཡོཀ་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་མཁས་དབང་ཞིག་ཡིན་འདུག་པ་བཅས།