༢༠༡༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༣ ཉིན་འདི་གར་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཁུངས་ལྡན་གྱི་གནས་ཚུལ་བཏང་གནས་ནང་འཁོད་དོན།བོད་མདོ་ཁམས་ཆབ་མདོ་ས་ཁུལ་སྡེ་དགེ་འཇོ་མདའ་རྫོང་འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་བཟང་ལགས་རང་ལོ་ ༢༦ ཅན་དང་། གྲྭ་མི་ཕམ་དགེ་ལེགས་ལགས་རང་ལོ་ ༢༢ ཅན་གཉིས་ལ་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་འཇོ་མདའ་རྫོང་ནས་ཁོང་རྣམ་གཉིས་ལ་དུས་བཀག་བཙོན་འཇུག་ལོ་ ༩ དང་ཕྱེད་ཀའི་ཁྲིམས་ཆད་བཏང་སྟེ་བཙོན་འཇུག་བྱས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་གསུམ་ས་ཁྱོན་ཡོངས་ཀྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་རིམ་པ་གཅིག་མཚུངས་དང་།
ལྷག་པར་ཕྱི་ལོ་ ༢༠༠༩ ལོར་འཇོ་མདའ་རྫོང་ཁོངས་ནས་བོད་མི་རྣམས་ཀྱི་ས་ཞིང་མ་བཏབ་ཅིང་། སྒོ་བཤས་སྤང་བ་སོགས་དང་། དམིགས་བསལ་འཛི་སྒར་དགོན་པས་གཙོས་དགོན་སྡེ་ཁག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་དང་ལེན་མ་གནང་བ་སོགས་ཀྱི་གནས་ཚུལ་རིམ་པ་ཐོན་སྐབས་རྒྱ་གཞུང་གི་རླངས་འཁོར་འདྲ་མིན་སྤྲད་ཀྱང་བོད་མི་རྣམས་ཀྱི་བླངས་མེད་པ་མ་ཟད། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་དགོང་མོ་འཇོ་མདའ་རྫོང་འཛི་སྒར་ཤང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྒྱ་གཞུང་གིས་སྤྲོད་འཆར་ཡོད་པའི་རླངས་འཁོར་མེ་སྲེག་བཏང་བའི་གནས་ཚུལ་ཐོན་པ་དང་། དེ་རྗེས་རྒྱ་མིའི་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་པ་ཁག་གཅིག་འཛིན་བཟུང་བྱས་ཏེ་ཁོང་གཉིས་ཉེས་ཅན་པ་གཏེ་བོ་ཡིན་པར་ངོས་འཛིན་བྱས་ཏེ་དུས་ཡུན་རིང་པོར་བཀག་ཉར་གྱིས་འདྲི་རྩད་བྱས་པ་མ་ཟད། འཛི་སྒར་དགོན་པར་ཁྲིད་ཡོང་ནས་གྲྭ་མང་ལ་ཁོང་གཉིས་ལྟ་བུ་བྱ་རྒྱུ་མེད་ཚུལ་སོགས་བཤད་དེ་མཐར་འདི་ཟླའི་ནང་ཁྲིམས་ཆད་ལྗིད་མོ་བཅད་ཡོད་འདུག