༢༠༡༠ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དྲུག་པ་དེ་རྒྱ་གར་གྱི་ཧ་རི་ཡ་ན་(Haryana)མངའ་སྡེའི་ནང་ཡོད་པའི་སུ་རཇ་ཀུནཌ་(Surajkund) དུ་འཚོགས་གཏན་འཁེལ་ཡོད། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་དང། སྐབས་དེར་རྒྱ་གར་གྱི་དེ་སྔའི་སྲིད་བློན་གཞོན་པ་སྐུ་ཞབས་ལལ་ཀི་རི་ཤི་ན་ཨཌ་ཝ་ནི་(Mr. Lal Krishna Advani) མཆོག་སྐུ་མགྲོན་གཙོ་བོ་ཡིན་འདུག དེ་ཉིན་བཀའ་ཁྲི་མཆོག་ནས་ཀྱང་གསུང་བཤད་གནང་རྒྱུ་ཡིན་འདུག དེ་བཞིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་སྤྱིའི་སྐུ་མགྲོན་ཁག་གཅིག་ནས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཝི་ཇེ་སིངྒ་མན་ཀོ་ཊི་ཡ་(Vijay Singh Mankotia) མཆོག་ཀྱང་ཕེབས་རྒྱུ་ཡིན་འདུག ཉིན་གསུམ་གྱི་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག ༥༧ ནས་མི་གྲངས་ ༢༥༠ བརྒལ་བ་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཚོགས་འདུ་དབུ་འབྱེད་དང་མཇུག་སྒྲིལ་རྣམས་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་ཚན་པའི་དྲ་རྒྱ་(www.tibet online. TV ) ཞེས་པའི་ཐོག་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་འདུག་པ་བཅས།།