༄༅། མཚུངས་མེད་ས་གནས་འོས་བསྡུ་འགན་འཛིན་མཆོག་གང་དེར།
ཆེད་ཞུ། སྐབས་ ༡༥ པའི་སྤྱི་འཐུས་རྣམས་དང་། བཀའ་བློན་ཁྲི་པ་སྐབས་ ༣ པ་བཅས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་གྱི་རེའུ་མིག ༩ པ་བར་གྱི་ལས་དོན་གྲུབ་ཟིན་པར་ཚང་མས་སོ་སོའི་གནས་སྟངས་ལ་གཞིགས་པའི་འོས་བསྡུའི་ལས་རིམ་ཚགས་ཚུད་ཡོང་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༡ འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསལ་དངོས་གཞི་འོས་དམིགས་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་ཉིན་གྲངས་ ༦༠ ཟུར་འཇོག་བྱེད་དགོས་དོན་སྤྱི་འཐུས་རྣམས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ནས་གསུམ་ལྡབ་ལས་མ་ཉུང་བ་འོས་ཤོག་མང་རིམ་རྩེ་བཏོག་གིས་ཆོལ་ཁ་རེ་ནས་འོས་དམིགས་ ༥༠ རེ་དང་། ཆོསབརྒྱུད་ཁག་ལྔ་དང་། བྱང་ཨ་རི། ཡུ་རོབ་བཅས་ནས་ ༡༠ རེ། འོས་སྒྲིག་དོན་ཚན་ ༦༧ པ་ནང་གསལ་བཀའ་བློན་ཁྲི་པའི་འོས་དམིགས་ ༦ བཅས་ཁུངས་སོ་སོའི་འོས་ཐོབ་གྲངས་འབོར་ཁ་གསལ་འཁོད་པའི་ཟུར་འཛར་འདི་ཐོག་ཆེད་བསྲིང་ཡོད་པ་ཁྱབ་ཁོངས་མི་མང་ལ་མ་གོ་མ་ཐོས་མེད་པ་སྐབས་འཕྲལ་གསལ་བསྒྲགས་འཐུས་ནན་ངེས་གནང་དགོས་རྒྱུ།༢གོང་གསལ་ཟུར་འཛར་ནང་གསལ་སྐབས་ ༡༥ པའི་སྤྱི་འཐུས་འོས་དམིགས་རྣམས་ཐོབ་ཁུངས་སོ་སོ་ནས་དགོངས་ཞུ་བྱེད་འདོད་ཡོད་ཚེ་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ཐད་ཀར་ ༢༠༡༡ ཟླ་བ་ ༡ པོའི་ཚེས་ ༡༠ འགྱངས་མེད་དགོངས་འཁྲོལ་ཐོབ་པ་དགོས་རྒྱུ་དང་། དེ་བཞིན་བཀའ་བློན་ཁྲི་པའི་འོས་དམིགས་ནས་དགོངས་ཞུ་བྱ་འདོད་ཡོད་རིགས་ ༢༠༡༠ ཟླ་ ༡༢ ཚེས་ ༢༡ འགྱངས་མེད་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ཐད་ཀར་དགོངས་འཁྲོལ་ཐོབ་པ་དགོས། སྤྱི་འཐུས་དང་བཀའ་ཁྲི་གཉིས་ཀའི་དངོས་གཞིའི་འོས་དམིགས་གཏན་འབེབས་གསལ་བསྒྲགས་བྱས་རྗེས་དགོངས་ཞུ་བྱས་མི་ཆོག་པ་བཅས་ས་གནས་འོས་བསྡུ་འགན་འཛིན་སོ་སོའི་ཁྱབ་ཁོངས་སུ་ཡོད་པ་སྤྱི་འཐུས་དང་བཀའ་ཁྲི་འོས་དམིགས་སོ་སོར་བརྡ་ལན་འཕྲོད་ངེས་ཐོག་འོས་དམིགས་ཁོངས་སུ་ཞུགས་འདོད་ཡོད་མེད་ཐག་ཆོད་པའི་ལན་གསལ་འཕྲལ་དུ་གནང་དགོས།༣ གོང་གི་ཟུར་འཛར་ནང་གསལ་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་དམིགས་ནས་དགོངས་ཞུས་ཕྱིར་འཐེན་གནང་མཁན་རྣམས་ཕུད། དེ་བྱིངས་དངོས་གཞིའི་འོས་དམིགས་སུ་ཞུགས་མཁན་རྣམས་འོས་སྒྲིག་དོན་ ༣༩ ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ལྡན་མིན་དང་། བཀའ་ཁྲིའི་དངོས་གཞི་འོས་དམིགས་སུ་ཞུགས་མཁན་རྣམས་ལ་འོས་སྒྲིག་དོན་ཚན་ ༦༣ ནང་གསལ་བཀའ་བློན་ཁྲི་པའི་འོས་ཁོངས་སུ་ཞུགས་རྒྱུའི་འོས་ཆོས་ལྡན་མིན་ས་གནས་འོས་བསྡུའི་འགན་འཛིན་དང་ཚོགས་མི་ཟུར་དཔང་བཅས་ནས་ཞིབ་འཇུག་འཐུས་ནན་གནང་བའི་སྙན་ཐོ་ཞིབ་ཕྲ་སྤྱི་ཁྱབ་འོས་བསྡུ་ལས་ཁང་དུ་ངེས་འབུལ་ཞུ་དགོས་ཐོག་འདི་ནས་ཀྱང་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་ཅེས། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ལ།།
_______________________________________________________________________________________
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྟོད་ཆོལ་ཁའི་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྨད་ཆོལ་ཁའི་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་རྙིང་མ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བཀའ་བརྒྱུད་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་སྐྱ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དགེ་ལུགས་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བོན་པོ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཨ་རི་དང་ཁེ་ན་ཌ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
- ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཡུ་རོབ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།