༢༠༡༠ ཟླ་ ༡༡ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༨ ཉིན་(Harmony Foundation of India) རྒྱ་གར་གྱི་མཛའ་མཐུན་ཚོགས་པས་གོ་སྒྲིག་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱཇ་གསོལ་མགྲོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་དྷར་ཊེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་(Mother Teresa Memorial International award for Social Justice 2010) ཞེས་པ་དེ་འབུལ་ལམ་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མཛའ་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨབ་ར་ཧིམ་མ་ཐི་(Dr.Abraham Mathai)ལགས་ཀྱིས་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་སྐོར་ལ་གསུང་བཤད་གནང་དོན། ང་ཚོའི་ཚོགས་པའི་ངོས་ནས་རྒྱ་གར་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་དང། རྒྱ་གར་གྱི་དབུལ་ཕོངས་མི་མང་རྣམས་ལ་རོགས་སྐྱོར་བྱེད་མཁན་གྱི་མི་སྣ་སྐད་གྲགས་ཆེ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་གཟེངས་རྟགས་འདི་འབུལ་དང་འབུལ་མུས་ལྟར། འདི་ལོའི་མ་དྷར་ཊེ་རེ་ས་དམ་པ་དེའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་འདི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད། སྐབས་དེར་ཚོགས་ཁང་ནང་དུ་ཡོད་པའི་མང་ཚོགས་ཡོངས་ནས་དགའ༌བསུ་ཆེན་པོ་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཚོགས་པ་འདིའི་ངོས་ནས་མ་དྷར་ཊེ་རེ་ས་དམ་པ་དེའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བྱ་དགའ་འདི་ངོས་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ངྷར་ཊེ་རེ་ས་མཆོག་དགོངས་པ་རྫོགས་ཚར་ནའང་ཁོ་མོའི་བརྩམས་པའི་ཕྱག་ལས་རྣམས་ད་དུང་གསོན་པོར་གནས་ཡོད་པར་ངོས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད། ཡང་སྐབས་རེ་མི་ཁག་གཅིག་གིས་ལས་དོན་བརྩམས་ནའང་མི་དེ་འདས་གྲོངས་ཕྱིན་རྗེས་ཁོང་གིས་བརྩམས་པའི་བྱ་བ་དེ་དག་རིམ་པས་ཉམས་ཆག་ཏུ་ཕྱིན་པ་དེ་འདྲ་བྱུང་ཡོད། འོན་ཀྱང་ངོས་ཀྱིས་ཤེས་རྟོགས་བྱུང་བར་ཁྱེད་རྣམས་ནས་ལྷག་བསམ་རྣམ་དག་གིས་མ་དྷར་ཊེ་རེ་སས་ལེགས་སྐྱེས་སུ་བཞག་པའི་བྱ་བ་རྣམས་མི་ཉམས་རྒྱུན་འཛིན་གྱིས་མི་མང་དབུལ་ཕོངས་རྣམས་ལ་རོགས་རམ་བྱེད་བཞིན་ཡོད་པ་དེ་མུ་མཐུད་ནས་རྒྱུན་འཛིན་གནང་རོགས། དེ་བཞིན་རྒྱ་གར་ལ་གནའ་རབས་ནས་ཡོད་པའི་སྲོལ་རྒྱུན་བཟང་པོ་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ད་ལྟའི་འཛམ་གླིང་འདིར་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེང་སང་དཔལ་འབྱོར་དང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་འཛམ་གླིང་འདི་ཆུང་ཆུང་ཆགས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ནས་གནས་ཡོད། རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་བཟང་པོའི་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་དག་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་བཏོན་ཐུབ་པ་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཐེངས་འདིའི་མཛད་སྒོའི་ཐོག་རྒྱ་གར་དུ་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གཅིག་དང། རྒྱ་གར་གྱི་གནད་ཡོད་མི་སྣ། རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་མ་ཧེ་ཤི་བྷཊ་(Mahesh Bhatt)དང་གློག་བརྙན་འཁྲབ་སྟོན་ཞུ་མཁན་རཱ་ནི་མུ་ཁར་ཇི་(Rani Mukherjee)བཅས་ཕེབས་ཡོད། སྐབས་དེར་གློག་བརྙན་འཁྲབ་སྟོན་རཱ་ནི་མུ་ཁར་ཇི་ལགས་ཀྱིས་ཁོ་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བ་དེ་དཀོན་མཆོག་གིས་བྱིན་གྱི་རླབས་པ་ཞིག་ཡིན་ཞེས་གསུངས་ཡོད། གཞན་ཡང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་རྒྱ་གར་གྱི་མི་མང་དབུལ་ཕོངས་རྣམས་ལ་རོགས་རམ་བྱེད་མཁན་གྱི་ཚོགས་པ་དང་སྒེར་པ་ཁག་གཅིག་ལའང་གཟེངས་རྟགས་ཕུལ་ཡོད་པ་བཅས།།