༢༠༡༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་སྤེན་པ
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་གྱི་གསར་ཁང་གྲགས་ཅན་རྒྱ་གར་གྱི་དུས་བབ་(Hindustan Times)ཞེས་པས་གོ་སྒྲིག་འོག་རྒྱ་གར་གྱི་དུས་བབ་དབུ་ཁྲིད་ལྷན་ཚོགས་སུ་རྒྱ་གར་གྱི་གནད་ཡོད་མི་སྣ་དང། ཚགས་པར་རྒྱག་མཁན། བརྙན་འཕྲིན་སྡེ་ཚན་གྱི་མི་སྣ། དེ་བཞིན་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་ ༡༧༠༠ བརྒལ་བ་ལྷན་འཛོམས་བྱུང་བའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་དཀའ་རྙོག་གི་དུས་ཚོད་ནང་བདེ་སྐྱིད་ཀྱི་ཐབས་ལམ་(Art of Happoness in troubled times)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་དཀའ་ངལ་མི་འདྲ་བ་གཉིས་ཡོད། དེ་ནི་ཕྱི་ལུས་པོའི་དཀའ་ངལ་དང་ནང་སེམས་ཀྱི་དཀའ་ངལ་བཅས་ཡིན། དེང་དུས་དཔལ་འབྱོར་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་ཡོད་པར་བརྟེན་ལུས་པོའི་དཀའ་ངལ་དེ་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཡར་རྒྱས་དེ་དག་གིས་རྐྱེན་པས་ནང་སེམས་ཀྱི་དཀའ་ངལ་མང་དུ་ཕྱིན་ཏེ་སེམས་མ་སྐྱིད་པ་བཟོ་གི་ཡོད། དེང་དུས་སེམས་མ་སྐྱིད་པའི་ཚད་གཞི་མཐོ་རུ་འགྲོ་དགོས་དོན་ནི་ཕན་ཚུན་འགྲན་རྩོད་ཤུགས་ཆེ་ཡོད་པའི་རྐྱེན་གྱི་ཡིན། ཀོལ་ཀ་ཏ་དང་ལྡི་ལི་ལྟ་བུ་གྲོང་ཁྱེར་ཆེ་ཁག་ནང་དཀའ་ངལ་དེ་དག་ཤུགས་ཆེ་བ་ཡོད། གྲོང་གསེབ་ནང་ལུས་པོའི་དཀའ་ངལ་ཆེ་བ་ཡོད་ནའང་སེམས་ཀྱི་དཀའ་ངལ་དེ་ཙམ་མེད། དུས་རབས་ ༨ པའི་དཔལ་ནཱ་ལེནྡྲའི་མཁས་དབང་ཞི་བ་ལྷས། ས་སྟེང་འདི་དག་ཀོས་གཡོག་ཏུ། དེ་སྙེད་ཀོ་བས་ག་ལ་ལང་། ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། ས་སྟེང་ཐམས་ཅད་གཡོགས་དང་འདྲ། ཞེས་གསུངས་པ་ལྟར་དགྲ་བོ་འདུལ་བར་བྱེད་པར་ཐོག་མར་རང་ཉིད་ཀྱི་ཉོན་མོངས་དུག་གསུམ་བཏུལ་དགོས། ཅེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་༸གོང་ས་མཆོག་གིས་ལོ་ངོ་ ༡༩ རིང་རྒྱ་ནག་གི་བཙོན་ཁང་དུ་བསྡད་མྱོང་མཁན་བོད་པའི་དགེ་འདུན་པ་ཞིག་དཔེར་བཞག་སྟེ་བཀའ་སློབ་སྩལ་དོན། ངོས་ལ་དགེ་འདུན་པ་དེ་བསྐྱར་དུ་ཐུག་སྐབས་ཁོང་གིས་ཁོང་རང་བཙོན་ཁང་དུ་ཡོད་སྐབས་ནམ་ཞིག་རྒྱ་གར་དུ་བསླེབ་སྙམ་དྲན་གྱི་ཡོད། ཁོ་རང་འཆི་རྒྱུར་མི་འཇིགས་ཤིང་རྒྱ་མི་རིགས་ཀྱི་ཐོག་བྱམས་བརྩེ་མེད་པ་ཆགས་རྒྱུ་དེར་འཇིགས་ཀྱི་འདུག་ཅེས་ངོས་ལ་བརྗོད་བྱུང། དེ་ནི་བོད་པའི་ལངས་ཕྱོགས་རེད། སྤྱི་ཚོགས་ཡོངས་རྫོགས་ཡར་རྒྱས་གཏོང་ཆེད་ཞལ་འདོན་གཅིག་པུས་མི་ཕན་ཞིང་དེར་རྩོལ་བ་མཉམ་རུབ་བྱེད་དགོས། ངོས་རང་དེ་སྔ་བྷི་ཧཱར་དུ་སྟོན་པའི་སྐུ་བརྙན་དབུ་འབྱེད་ཆེད་བསྐྱོད་སྐབས་བྷི་ཧཱར་མངའ་སྡེའི་བློན་ཆེན་མཆོག་གིས་བྷི་ཧཱར་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས་ཕུན་སུམ་ཚོགས་པ་ཡོད། ཅེས་གསུངས་ཡོད། སྐབས་དེར་ངོས་ཀྱིས་གལ་ཏེ་བྷི་ཧཱར་མངའ་སྡེ་འདིར་སྟོན་པའི་བྱིན་རླབས་ཀྱིས་ཚགས་ཚུད་ཆགས་ཀྱི་ཡོད་ན། མངའ་སྡེ་འདི་སྔ་མོ་ནས་ཚགས་ཚུད་པོ་ཞིག་ཆགས་ཟིན་ཡོད། རྒྱ་གར་དང་བོད་གཉིས་དབར་གྱི་འབྲེལ་བ་ནི་བླ་སློབ་ཀྱི་འབྲེལ་བ་ཡིན། ང་ཚོས་རྒྱ་གར་མཁས་དབང་ཚོའི་མདུན་ནས་སློབ་སྦྱོང་མང་པོ་སྦྱང་ཡོད། ངོས་ཀྱིས་དུས་རྒྱུན་དུ་ནུབ་ཕྱོགས་ཀྱི་ཆོས་ཞུ་བ་ཚོར་དཔལ་ནཱ་ལེནྡྲའི་མཁས་དབང་གི་ལྟ་གྲུབ་སྦྱོང་མཁན་སློབ་མ་ཞིག་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཚོས་ང་ཚོ་ཡིད་བརྟན་འཕེར་བའི་སློབ་མ་ཞིག་ལ་ངོས་ལེན་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ལྷན་ཚོགས་ཀྱི་མཇུག་བསྡོམས་སུ་རྒྱ་གར་གྱི་དུས་བབ་རྩོམ་སྒྲིག་པ་སན་ཇོ་ཨེ་ནཱ་ར་ཡན་(Sanjoy Narayan)ལགས་ཀྱིས་༸གོང་ས་མཆོག་ལ་དེང་དུས་གཞོན་སྐྱེས་ཚོའི་ནང་འཁྲུལ་སྣང་གི་བློ་ཤུགས་ཆེ་ཡོད་སྐོར་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོའི་མི་རབས་དེ་དུས་རབས་ ༢༠ པའི་མི་རབས་ཤིག་ཡིན། དུས་རབས་ ༢༠ པ་ནི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་ནས་མི་ས་ཡ་ཉིས་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད། ད་ལྟའི་དུས་རབས་ ༢༡ པ་འདི་སྔར་གྱི་དུས་རབས་བཞིན་གནས་ཀྱི་ཡོད་མེད་དེང་དུས་ཀྱི་གཞོན་སྐྱེས་ཚོར་རག་ལུས་ཡོད། གལ་ཏེ་གཞོན་སྐྱེས་ཚོས་དུས་རབས་སྔ་མའི་ཟོག་རྫུ་དེ་དག་ལ་མགོ་མ་གཡེང་བར་ནང་སེམས་ཀྱི་རིན་ཐང་གོང་མཐོར་བཏང་ན། འཁྲུལ་སྣང་དེ་དག་མེད་པ་ཆགས་སྲིད། གཞན་ཡང་(Equus advertising Agency) ཞེས་པའི་ལས་ཁང་འཛུགས་མཁན་ལས་རོགས་སཱུ་ཧེལ་སེཊ་(Suhel Seth)ལགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་སྐོར་ལ་དྲི་བ་ཕུལ་བར་༸གོང་ས་མཆོག་གི་བཀའ་ལན་སྩལ་དོན། དྲི་བ་འདི་ངོས་རང་གིས་གལ་ཆེན་པོ་མཐོང་གི་མེད། འོན་ཀྱང་ངོས་ཀྱི་ཡང་སྲིད་ངོས་འཛིན་བྱེད་མིན་ཐད་བོད་རྒྱ་ཆེའི་མི་མང་ནས་ཐག་གཅོད་བྱེད་དགོས་པའི་སྐོར་ལོ་བཅུ་ཕྲག་མང་པོའི་སྔོན་ནས་གསལ་བསྒྲགས་བྱས་ཟིན། ཡིན་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་ཛ་དྲག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག བོད་མི་ཚོར་ཏཱ་ལའི་བླ་མའི་སྒྲིག་འཛུགས་འོག་གནས་འདོད་ཡོད་ཀྱི་རེད། འོན་ཀྱང་ལོ་སུམ་ཅུ་བཞི་བཅུའི་རྗེས་ཀྱི་གནས་ཚུལ་རྣམས་སུས་ཀྱང་ཤེས་ཐབས་མེད་ཅེས་བཀའ་ལན་སྩལ།
དེ་བཞིན་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་ནས་རྒྱ་གར་(India Habitat Centre) དབང་པོའི་འཇིག་རྟེན་ཞེས་པའི་བརྗོད་གཞིའི་འོག་དབང་པོ་ལྔའི་སྒོ་ནས་ནང་ཆོས་དང་ཚན་རིག་དབར་གྱི་ལྟ་ཚུལ་འདྲ་མིན་གྱི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་པ་དེ་༸གོང་ས་མཆོག་གིས་དབུ་འབྱེད་མཛད་ཡོད། ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ལྡི་ལིར་ཡོད་པའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་ཞེས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་བཅས། །