༢༠༡༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་ཉི་ཧོང་གི་གྲོང་ཁྱེེར་སྣ་རའི་ནང་སྣ་ར་ཁོའུ་ཁ་ཨི་རྡོའོ་ཚོགས་ཁང་དུ་ཀོ་རིའི་ནང་རྟེན་གཞི་བྱས་པའི་ཌོང་གུག་གཙུག་ལག་སློབ་གྲྭ་དང་ཧོང་སྦི་ཨོབ་ས་ལྷ་ཁང་ཞེས་པའི་ཆོས་ཚོགས། དེ་བཞིན་ཆོས་ཚོགས་གཞན་གཅིག་བཅས་ཆོས་ཚོགས་གསུམ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དད་ལྡན་མང་ཚོགས་ ༢༨༠ ཙམ་ལ་༸གོང་ས་མཆོག་གིས་ནང་ཆོས་ལ་གཞི་བཅོལ་བའི་བླང་དོར་གྱི་བཀའ་སློབ་སྩལ་དོན། དེ་རིང་ཀོ་རི་ཡའི་ཆོས་གྲོགས་རྣམས་ཐུག་པར་ཧ་ཅང་དགའ་པོ་བྱུང་། ཚང་མར་འཚམས་འདྲི་ཡོད། ཁྱེད་ཚོས་དགེ་རྒན་གཅིག་གི་དགེ་ཕྲུག་གི་འདུ་ཤེས་ཐོག་ནས་འདིར་ཡོང་བ་རེད། ལྷག་པར་ལྟ་གྲུབ་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་དེ་དེང་སང་འཛམ་གླིང་ནང་མི་འདྲ་བ་ཞིག་ཆགས་ཡོད། སངས་རྒྱས་རང་ཉིད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་ཡིན་དུས་ཚོགས་གཉིས་བསགས། སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོད། དེར་བརྟེན་ཁོང་གིས་ང་ཚོར་ཆོས་སྟོན་སྐབས་གདུལ་བྱ་རང་ཉིད་ཀྱིས་ཚོགས་བསག སྒྲིབ་གཉིས་བྱང་པའི་ཐོག་ནས་ཁམས་བདེ་གཤེགས་སྙིང་པོའི་སྒྲིབ་པ་དག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བྱེད་དགོས་པ་གསུངས་ཡོད། ཁམས་བདེ་གཤེགས་སྙིང་པོ་དེར་ངོ་བོ་མི་འདྲ་བ་འགའ་ཤས་ཡོད། འོན་ཀྱང་ཤེར་ཕྱིན་གྱི་གཞུང་ནས་དངོས་སུ་གསུངས་པ་དེ་སེམས་བདེ་སྟོང་དེ་ཡིན། སྒྲིབ་པ་མ་སྤང་པའི་སེམས་ཀྱི་ཆོས་ཉིད་དེ་ལ་རང་བཞིན་གནས་རིགས་བཅས་གསུངས་ཡོད ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མདུན་གྲལ་དུ་བཞུགས་པའི་ཀོ་རི་ཆོས་ཚོགས་ཀྱི་བླ་མ་ཁག་གཅིག་དང་སྐུ་པར་ལྷན་བསྒྲོན་མཛད། དེ་རྗེས་ཚོགས་བཅར་བའི་དྲི་བ་ཕུལ་བར་བཀའ་ལན་སྩལ། མཛད་སྒོ་གྲོལ་མཚམས་མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་དེར་ཐའོ་རྡའོ་ཇེ་ནང་པའི་ལྷ་ཁང་ཞིག་ཡོད་པའི་ནང་ཕྱི་ལོ་ ༧༢༠ ཙམ་དང་དུས་རབས་བརྒྱད་པའི་ནང་རག་ལས་བཞེངས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྟེན་གཙོ་ཡོད་པའི་ལྷ་ཁང་དེར་གནས་གཟིགས་སུ་ཆིབ་སྒྱུར་བསྐྱངས་ཏེ་ཐུགས་སྨོན་མཛད། དེ་རྗེས་ཆུ་ཚོད་ ༡༠།༡༠ ཙམ་ལ་ནང་པའི་ལྷ་ཁང་གི་ཚོགས་ཁང་ནང་ཐའོ་རྡའོ་ཇེའི་ལྷ་ཁང་གི་བླ་མ་དང་བཙུན་མ། དེ་བཞིན་ཉི་ཧོང་ཤིན་ཊོའི་ཆོས་ལུགས་རྗེས་འབྲངས་པའི་དད་ལྡན་མང་ཚོགས་ ༣༥༠ ཙམ་ལ་དེང་དུས་ནང་པ་ཚོས་ནང་ཆོས་ཉམས་ལེན་བྱེད་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། ཆུ་ཚོད་ ༡༢།༡༠ ཙམ་ལ་བཀའ་སློབ་གྲུབ་བསྟུན་མང་ཚོགས་ནས་དྲི་བ་ཕུལ་བར་བཀའ་ལན་མཛད། མཛད་སྒོ་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་ཉིན་གུང་ལྗགས་སྨིན་མཛད་དེ་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣།༤༥ ཙམ་ལ་ཐའོ་རྡའོ་ཇེའི་ལྷ་ཁང་རྙིང་པ་དེའི་རྒྱབ་ཀྱི་ཐང་ཆེན་དུ་ཀོ་རི་ཡ་དང་ཉི་ཧོང་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༠༠༠ ཙམ་ལ་བཀའ་སློབ་སྩལ་གྲུབ་རྗེས་མང་ཚོགས་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།