༢༠༡༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༠ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་(India Habitat Centre) ཞེས་པའི་བསྟི་གནས་ཁང་གི་ཚོགས་ཁང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨེ་པི་ཇེ་ཨབྷ་དྷུལ་ཀ་ལཱམ་(Dr. APJ Abdul Kalam) མཆོག ཇར་མན་གྱི་ཀླད་པའི་ཚན་རིག་པ་གཙུག་ལག་སློབ་དཔོན་ཝོལ་ཕི་སིང་གྷར་(Prof.Wolf Singer) ལགས་བཅས་ཀྱི་དབར་སྲོལ་རྒྱུན་དང་དེང་དུས་ཀྱི་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་ཚོགས་ཡོད། བགྲོ་གླེང་ཚོགས་འདུའི་སྐབས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨེ་པི་ཇི་ཨབྷ་དྷུལ་ཀ་ལཱམ་མཆོག་གིས་སྲོལ་རྒྱུན་དང་དེང་དུས་ཚན་རིག་དབར་གྱི་འབྲེལ་བ་དང། དེང་དུས་དང་སྲོལ་རྒྱུན་གྱི་ཚན་རིག་གཉིས་གཅིག་ཕན་གཅིག་གྲོགས་བྱ་ཐུབ་སྐོར། སྒོམ་ཉམས་ལེན་གྱི་བརྒྱུད་ནས་སོ་སོའི་གོ་རྟོགས་འཕེལ་གྱི་ཡོད་པའི་གནད་དོན་ཐོག་གསུང་བཤད་གནང་བ་དང་ཆབས་ཅིག ཁོང་གིས་གལ་ཏེ་འགྲོ་བ་མི་སྤྱི་ལ་ཕན་པ་སྒྲུབ་ཆེད་སྔོན་གྱི་སྐྱེ་ཆེན་དམ་པ་ཚོས་གཟིགས་ཚུལ་མཐུན་པ་ཡོད་ཚེ་སྲོལ་རྒྱུན་དང་དེང་དུས་ཚན་རིག་གི་རྗེས་མཇུག་པ་ཐམས་ཅད་མཉམ་གནས་ཐུབ་ཀྱི་རེད། ཅེས་གསུངས། དེ་བཞིན་སློབ་དཔོན་ཝོལ་ཕི་སིང་གྷར་ལགས་ཀྱིས་ཚན་རིག་གི་ལམ་ནས་གནས་ཚུལ་གསར་རྙེད་བྱུང་བ་དེ་དག་གི་གལ་གནད་དང། རྒྱ་གར་ནས་དར་འཕེལ་བྱུང་བའི་སྲོལ་རྒྱུན་གྱི་སྒོམ་ཉམས་ལེན་གྱི་ཁེ་ཕན་སོགས་ཀྱི་ཐོག་གསུངས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབྷ་དྷུལ་ཀལཱམ་མཆོག་ལ་བསྔགས་བརྗོད་དང་གུས་བརྩི་ཞུས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཨི་ཇིབ་དང་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན། རྒྱ་གར་གྱི་ཨིན་ཌ་སི་ཡུལ་ཤོང་ནང་དར་བའི་སྤྱི་ཚོགས་དཔལ་ཡོན་བཅས་ཀྱི་དབར་ལྟ་གྲུབ་རྣམ་གཞག་ཐོག་མཚུངས་བསྡུར་བྱེད་ཚེ་རྒྱ་གར་གྱི་ཨིན་ཌ་སི་ཡུལ་ཤོང་ནང་དར་བའི་སྤྱི་ཚོགས་དཔལ་ཡོན་གྱིས་ལྟ་གྲུབ་རྣམ་གཞག་ཐོག་ཞབས་འདེགས་རླབས་ཆེ་ཤོས་སྒྲུ་ཡོད། ངོས་རང་ཆུང་དུས་ནས་སྣང་སྲིད་རིག་པ་དང། ཀླད་ཁམས་རིག་པ། ཀོན་ཊོམ་དངོས་ཁམས། སེམས་ཁམས་རིག་པ་བཅས་ཀྱི་སྐོར་ཤེས་འདོད་ཧ་ཅང་ཆེན་པོ་ཡོད་རྐྱེན་ཚན་རིག་པ་དང་ལྷན་བགྲོ་གླེང་ནང་མཉམ་ཞུགས་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།