༢༠༡༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཙམ་ལ་ཉི་ཧོང་གི་གྲོང་ཁྱེར་སྣ་རའི་བཞུགས་གནས་མགྲོན་ཁང་ནས་༸གོང་ས་མཆོག་སྟོན་འཁོར་ལྷན་རྒྱས་ཐད་འཕུར་གནམ་གྲུ་བརྒྱུད་ཉི་ཧོང་གི་ལྷོ་ངོས་སུ་ཡོད་པའི་ཤི་ཀོ་གུ་གླིང་ཆེན་གྱི་གྲོང་ཁྱེར་ཉི་ཧ་མར་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་མང་ཚོགས་རྣམས་ཀྱིས་བཞུགས་གནས་མགྲོན་ཁང་མདུན་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད། མགོན་པོ་གང་ཉིད་མཆོག་ཉི་ཧ་མའི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་༸གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་ས་ཡི་ཏོ་ཨུ་གན་ནས་ཕེབས་བསུ་ཞུས་ཡོད། དེ་རྗེས་རི་གྷ་རོ་ཡལ་མགྲོན་ཁང་ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་སྔ་དྲོཆུ་ཚོད་ ༡༡ ཙམ་ལ་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས་གསར་འགོད་པ་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་མགོན་པོ་གང་ཉིད་མཆོག་གླིང་ཕྲན་དེར་སླར་ཡང་༸ཞབས་སོར་འཁོད་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་བ་མ་ཟད། ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེས་ཆེ་ཞུས་གནང་མཛད། ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཆུ་ཚོད་ ༣།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་གཞོན་སྐྱེས་ཁྲོད་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཀ་ནི་ཅི་རོ་མོ་གྷི་དང་ལྷན་ཀླད་པ་དང་སེམས་ཀྱི་རྣམ་གཞག་སྐོར་བགྲོ་གླེང་མཛད་སྐབས་དགེ་འདུན་པ་ ༤༠༠ བརྒལ་བ་དང་དེ་བཞིན་མང་ཚོགས་བཅས་འདུ་འཛོམས་བྱུང་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སྩལ་དོན། ངོས་རང་དེ་རིང་ཉི་ཧོང་གི་ཚན་རིག་པ་ཞིག་དང་ལྷན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་སྐོར་བགྲོ་གླེང་བྱ་རྒྱུའི་གོ་སྐབས་ཐོབ་པར་དགའ་པོ་བྱུང་། ཚན་རིག་པས་གནས་ཚུལ་གང་ཡིན་ནའང་བརྟག་དཔྱད་བྱས་ནས་དངོས་པོའི་གནས་ཚུལ་གང་ཡིན་ཤེས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་དེ་དང་ནང་པའི་ཚན་རིག་གི་རྣམ་གཞག་ཐོག་ནས་དཔྱད་པ་བྱེད་ཚུལ་གཉིས་འདྲ་པོ་ཡོད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུའང་དད་པ་ཁོ་ནར་གཞི་མ་བཅོལ་བར་ཆོས་གང་དང་གང་ཡིན་རུང་དཔྱད་པ་བྱེད་དགོས་པ་གསུངས་ཡོད། དཔེར་ན། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའི་ནང། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་པ་དེ་ཚན་རིག་གི་ལྟ་བ་དང་མཐུན་པ་ཞིག་ཆགས་ཡོད་ཅེས་བཀའ་སྩལ། དེ་བཞིན་སྐབས་དེར་༸གོང་ས་མཆོག་གིས་ནང་ཆོས་ལ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ། ནང་པའི་ཆོས་བཅས་ཆ་གསུམ་དུ་དབྱེ་རྒྱུ་ཡོད་སྐོར་དང་། ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་སྐབས་བློ་སྦྱོང་སྐོར་དང་ཤེས་པ་ལ་རིགས་འདྲ་མིན་ཡོད་པ་གསུངས་ཡོད། གཞི་རྩའི་བློའམ་ཤེས་པའི་ཆ་བཟང་བ་དེ་དག་གོང་མཐོར་གཏོང་དགོས་པ། ཤེས་པའི་ཆ་ངན་པ་དེ་དག་ཇེ་ཉུང་དུ་གཏོང་དགོས་པ་གསུངས་ཡོད་ཅེས་བཀའ་སྩལ། ཕྱོགས་མཚུངས་སྐབས་དེར་ཉི་ཧོང་གི་ཀླད་ཁམས་ཚན་རིག་པ་ཁོང་ནས་རང་ཉིད་ཀྱིས་༸གོང་ས་མཆོག་གི་ཕྱག་དེབ་འགའ་ཤས་བཀླགས་ཡོད་པ་དང་ཕྱག་དེབ་དེ་དག་ནང་ནང་པའི་ཚན་རིག་ཐོག་ནས་མིའི་ཀླད་པའི་འགྲོ་སྟངས་དང་། བསམ་བློ་གཏོང་ཕྱོགས། སྒོམ་གྱི་འགྲོ་སྟངས་གསུངས་པ་དེ་དག་ཚན་རིག་ནས་བཤད་པ་དང་མཐུན་པོ་ཡོད་པ་དང་། ལྷག་པར་ཚན་རིག་གི་ཐོག་ནས་ཀླད་རྩ་གཅིག་ལ་རྣམ་ཤེས་མེད་པ་དང་ཀླད་རྩ་མང་པོ་བསྡུས་སྐབས་རྣམ་ཤེས་དང་ཚོར་བ་ཞིག་ཡོང་གི་ཡོད་པ་བརྟག་དཔྱད་ཀྱི་ལམ་ནས་གསལ་བཤད་ཐུབ་པའི་གནས་སྟངས་དེ་ནང་ཆོས་ནས་གསུངས་པའི་རྟེན་ཅིང་འབྲེལ་བར་བྱུང་བའི་རྣམ་གཞག་དང་འབྲེལ་བ་ཡོད་སྐོར་སྙན་སྒྲོན་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་གཤག་བཅོས་བཏང་ནས་ཉོན་མོངས་ཀྱི་བློ་ཁོང་ཁྲོ་བྱུང་སའི་ཀླད་རྩ་དེ་མེད་པ་བཟོ་ཐུབ་མིན་དྲི་བ་མཛད་པར། ཚན་རིག་པ་གྲགས་ཅན་ཁོང་གིས་གལ་ཏེ་དེ་འདྲ་བྱས་ཚེ་ཀླད་རྩ་གཞན་ལའང་སྐྱོན་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྐོར་གྱི་ལན་ཕུལ། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཨ་རི་ཨེ་མོ་རི་དང་། ཝི་སི་ཀོན་སིན། སཊན་ཕོཌ་གཙུག་ལག་སློབ་གྲྭ་ཁག་གིས་ནང་སེམས་ཀྱི་རྣམ་གཞག་དེར་དམིགས་བསལ་གྱི་དོ་སྣང་བྱས་ཏེ་ཤེས་ཡོན་གྱི་སློབ་ཚན་ནང་དུ་འཇོག་རྒྱུའི་ལས་འཆར་ཞིག་འགོ་བརྩམས་ཡོད། ཉི་ཧོང་ལུང་པ་འདི་ནི་རྩ་བའི་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པས་ཁྱེད་ཚོས་ཉི་ཧོང་གི་གཙུག་ལག་སློབ་གྲྭ་ཁག་གི་ནང་རིམ་པས་ལས་འཆར་དེ་འདྲ་ཞིག་གོ་སྒྲིག་བྱས་ཏེ་ནང་པའི་ཚན་རིག་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་སྐོར་དང་ཚན་རིག་ནས་བཤད་པའི་ཀླད་རྩའི་འགྲོ་སྟངས་དབར་འབྲེལ་བ་ཇི་འདྲ་ཡོད་མེད་ཐོག་བགྲོ་གླེང་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ སྔོན་ནས་གསུངས་པའི་ནང་ཆོས་ཀྱི་སློབ་སྦྱོང་དེ་མཐར་ཕྱིན་པ་ཞིག་ཤེས་དགོས། དུས་ཚོད་རིམ་པས་ནང་ཆོས་ནང་དུའང་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་ཡོད། སློབ་དཔོན་མི་འདྲ་བ་སོ་སོས་གྲུབ་མཐའ་མི་འདྲ་བ་མང་པོ་སྲོལ་གཏོད་ཡོད། གྲུབ་མཐའ་ཚང་མ་ཡག་ཐག་ཆོད་ཡོད། འོན་ཀྱང་རང་གི་གྲུབ་མཐའ་དེར་ངའི་གྲུབ་མཐའ་ཞེས་ཞེན་ཆགས་ཆེན་པོ་བྱས་ཚེ་ཡག་པོ་མེད། གཞི་རྩའི་བཅོམ་ལྡན་འདས་ཀྱིས་ནང་ཆོས་ནས་བདེན་པ་གཉིས་གསུངས་པ་དེ་ཤིང་གི་སྡོང་པོ་ལྟ་བུ་རེད། བདེན་པ་གཉིས་ཀྱི་རྣམ་གཞག་གསུངས་པ་དེར་གྲུབ་མཐའ་ཕན་ཚུན་ཁྱད་པར་མེད་པ་ཞིག་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ།
ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ཉི་ཧ་མའི་ཝ་ཡི་སི་ཀེ་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱང་ཏེ་དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ བར་ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་གནང་མཛད་རྒྱུ་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༣།༣༠ བར་འགྲོ་བ་མི་སྤྱི་ལ་ཕན་པ་སྒྲུབ་ཆེད་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་དོན་རྟོགས་དགོས་པ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།