༢༠༡༠ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཇ་མི་ཡཱ་མི་ལ་ཨི་སི་ལཱ་མི་ཡ་ (Jamia Millia Islamia) ཞེས་པའི་ཁ་ཆེའི་གཙུག་ལག་སློབ་གྲྭས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཌོག་ཊོར་ཨོཕ་ལེ་ཊར་ (Doctor of Letters) ཞེས་པའི་གཙུག་ལག་སློབ་གྲྭའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད།
དེ་ཡང་གཙུག་ལག་སློབ་གྲྭ་དེར་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་དང་སྟབས་བསྟུན་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་འགྲོ་བ་མིའི་མཐུན་འགྱུར་གོང་འཕེལ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཀ་བྷིལ་སི་བལ་ (Kabil Sibal) མཆོག་དང་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ན་ཇིབ་ལྗང་ (Mr.Najeeb Jung) རྣམས་གཉིས་ཀྱིས་གཙུག་ལག་སློབ་གྲྭའི་ཨེམ་ཨེ་ཨན་སཱ་རི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་སློབ་ཕྲུག་དང་དགེ་ལས།
གཞན་ཡང་མི་སྣ་གྲགས་ཅན་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བའི་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཌོག་ཊོར་ཨོཕ་ལེ་ཊར་ཞེས་པའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་འཁྱེར་འབུལ་བཞེས་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། རྒྱ་གར་ནང་སྙན་གྲགས་ལྡན་པའི་ཁ་ཆེའི་གཙུག་ལག་སློབ་གྲྭ་འདིས་ངོས་ལ་མཁས་དབང་གི་ཕྱག་འཁྱེར་འདི་འདྲ་ཞིག་གནང་བར་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་བྱུང། ངོས་ཀྱི་མི་ཚེའི་ནང་འགན་ཁུར་གཙོ་བོ་གཉིས་ལས་གཅིག་དེ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་ཡིན། ཁ་ཆེའི་ཆོས་ལུགས་དེ་བཞིན་འཛམ་གླིང་གི་མི་མང་ས་ཡ་མང་པོར་རེ་བ་དང་བློ་སྤོབས་བསྐྲུན་མཁན་གྱི་ཆོས་ལུགས་གལ་ཆེ་ཤོས་ཤིག་ཆགས་ཡོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ ༩།༡༡ དོན་རྐྱེན་བྱུང་སྐབས་ངོས་ཀྱིས་ཁ་ཆེ་ཚོར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཞུས་ཐོག་རྙོག་གྲ་དེ་དག་མི་རེ་ཟུང་གིས་བཟོས་པ་ལས་ཁ་ཆེའི་ཆོས་ལུགས་ཡོངས་རྫོགས་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་རེད་ཅེས་བརྗོད་རྒྱུ་བྱུང། མི་རེ་ཟུང་གིས་བྱེད་སྟངས་མ་འགྲིག་པའི་གནས་ཚུལ་དེ་ཁ་ཆེ་དང་ཧིན་ཌུ་ནང་ཡོང་གི་ཡོད་པ་མ་ཟད། ནང་པའི་ནང་དུའང་ཡོང་གི་ཡོད། སྔ་མོ་ཁ་ཆེའི་ཚོང་པ་ཉུང་ཤས་ཤིག་ལྷ་སར་ཚོང་དོན་ཆེད་བསླེབས་པ་རྣམས་ནང་པ་ཚོ་དང་ལྷན་ལོ་བརྒྱ་ཕྲག་རིང་ཞི་བདེའི་ཐོག་མཉམ་གནས་ཐུབ་ཡོད། ལྷ་སར་ཁ་ཆེ་དང་བོད་པ་འཁྲུག་རྩོད་བྱུང་བའི་ལོ་རྒྱུས་མེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ན་ཇིབ་ལྗང་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་དེང་སྐབས་འཛམ་གླིང་ནང་མེས་པོ་དམ་པ་གྷན་རྡིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཛིན་མཛད་མཁན་དང། བཟང་པོའི་བསླབ་བྱ་དེ་དག་ད་ལྟའི་དུས་སྐབས་སུ་བརྡ་ལན་མཛད་མཁན་གྱི་ཡང་དག་པའི་ཕོ་ཉ་ཞིག་ཡིན། ཁོང་གིས་འཚེ་མེད་ཞི་བའི་ནུས་པར་མཐའ་གཅིག་ཏུ་ཆོད་སེམས་བརྟན་པོ་འཆང་གནང་མཛད་དེ་བཟང་པོའི་བསླབ་བྱ་དེ་དག་སྤྱི་ཚོགས་ནང་ལག་ལེན་ཡོང་རྒྱུར་ཐུགས་བརྩོན་མཛད་པ་དེས་འཛམ་གླིང་ནང་མི་ཚོས་བཟང་སྤྱོད་ཀྱི་ནུས་པར་ཡིད་ཆེས་སླར་གསོ་དང་གོང་འཕེལ་གཏོང་གནང་མཛད་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཞུགས་པ་ཙམ་གྱིས་རྒྱ་གར་ཡུལ་ལ་དགེ་མཚན་བྱུང་ཡོད་པ་མ་ཟད། སྐུ་ཉིད་རྒྱ་གར་ནང་འཚོ་བཞུགས་མཛད་པ་དེས་རྒྱ་གར་གྱི་ཡུལ་དེ་ཆོས་ལུགས་གྲགས་ཅན་མང་པོའི་འབྱུང་ཁུངས་དང་བསྟི་གནས་ཤིག་ཡིན་པའི་དྲན་གསོ་གཏོང་བཞིན་ཡོད། དུས་རབས་ ༨ སྐབས་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་ལ་སོགས་པའི་ནང་པའི་སློབ་དཔོན་ཆེན་པོ་མང་པོ་བོད་དུ་ནང་ཆོས་སློབ་ཁྲིད་མཛད་ཆེད་ཕེབས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པ་དེས་ནང་ཆོས་དེ་རྒྱ་གར་ནས་བྱུང་བའི་ལེགས་བྱང་ཞིག་ཡིན་པའི་དྲན་གསོ་གཏོང་གནང་མཛད་ཡོད་པ་མ་ཟད། རྒྱ་གར་ཡུལ་དེ་ཆོས་ལུགས་འདྲ་མིན་གྱི་ལེགས་བྱང་བསྟི་གནས་ཤིག་ཡིན་པའང་གསལ་སྟོན་མཛད་ཡོད་ཅེས་གསུངས་ཡོད་པ་མ་ཟད། སྐབས་དེར་རྒྱ་གར་དབུས་གཞུང་འགྲོ་བ་མིའི་མཐུན་འགྱུར་གོང་འཕེལ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཀ་བྷིལ་སི་བལ་མཆོག་ནས་ཀྱང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གང་ཉིད་ཀྱི་སྐུ་ཚེའི་ནང་སྐྱིད་སྡུག་བཟང་ངན་གྱི་གནས་སྟངས་ཇི་འདྲ་ཞིག་ལ་བཏང་སྙོམས་ཐོག་གཟིགས་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཞེས་སོགས་ཀྱིས་ཆེ་བསྟོད་ཆེན་པོ་ཞུས་ཡོད། ཐེངས་འདིར་བསླབ་པ་མཐར་སོན་གྱི་མཛད་སྒོར་སློབ་ཕྲུག་ ༣༥༢༩ ཙམ་ལ་ལག་འཁྱེར་གནང་ཡོད་པ་བཅས།།