༢༠༡༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་པ་སངས།
ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༡ ཉིན་ཧི་མ་ལ་ཡ་སྤ་རི་ཝར་བོད་དོན་ལས་འགུལ་ཚོགས་པ་དང་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཟུང་འབྲེལ་གྱི་ཀང་ར་ཉེ་འགྲམ་བྷར་ཋ་ས་གནས་སུ་ཡོད་པའི་མཐོ་སློབ་ཁང་(CHINTPURNI,-SWAMIVIVEKANAND DEGREE COLLEGE)དུ་ཧི་མ་ལ་ཡ་སྤ་རི་ཝར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་ཁུལ་དེའི་སློབ་ཕྲུག་ ༤༠༠ ཙམ་མཉམ་ཞུགས་ཀྱི་པན་ཇབ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ལྕམ་སྐུ་ལཀཤ་མི་ཀན་ཊ་ཅཝ་ལ་མཆོག་གི་དབུས་ཁུལ་དེའི་མངའ་སྡེའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ན་རེན་ལྡར་ཨཏིརི་མཆོག་སྐུ་མགྲོན་གཙོ་བོར་ཕེབས་འདུག མཛད་སྒོའི་ཐོག་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཁང་ནས་ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་དང་བོད་དོན་དང་འབྲེལ་བའི་གློག་བརྙན་དང་དཔེ་དེབ་ཀྱང་འགྲེམས་སྤེལ་ཞུས་ཡོད་འདུག སྐབས་དེར་ཁུལ་དེའི་སློབ་གྲྭ་ཁག་མི་འདྲ་བ་བདུན་གྱི་སློབ་ཕྲུག་གྲངས་བཅུ་དྲུག་ཙམ་ནས་བོད་དོན་ཁྱབ་བསྒྲགས་ཆེད་ཧིན་སྐད་ཐོག་གཏམ་བཤད་ཀྱི་འགྲན་བསྡུར་གནང་བའི་མཐར་གཏམ་བཤད་བ་རྣམས་ཀྱིས་བོད་ཀྱི་རང་བཙན་ནི་རྒྱ་གར་རང་ཉིད་ཀྱི་སྲུང་སྐྱོབ་རེད་ཟེར་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པ། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་བཅས་ཀྱི་སྐོར་གཏམ་བཤད་འདུག་པས་མཐར་གཏམ་གླེང་བ་སློབ་ཕྲུག་བཅུ་དྲུག་ནང་ནས་གཟེངས་ཐོན་པ་རྣམས་ལ་སྐུ་མགྲོན་གཙོ་བོ་མཆོག་ནས་བྱ་དགའ་སྩལ་བ་དང་མཛད་སྒོར་ཕེབས་མི་ཡོངས་ལ་གསོལ་ཇ་དང་གསོལ་སྟོན་གནང། གཏམ་བཤད་ནང་འཛུལ་ཞུགས་གནང་མཁན་གྱི་སློབ་གྲྭའི་ཁོངས་སུ་ཨར་རནཌ་རྒྱལ་སྤྱིའིི་སློབ་གྲྭ་དང་། བར་ཝཡི་རྒྱ་གར་མཐོ་རིམ་སློབ་གྲྭ མེ་ཨོན་ཌོ་ལ་ཌར་སློབ་གྲྭ་གཙོས་པའི་དགེ་རྒན་བརྒྱད་དང་སློབ་གྲྭ་བདུན་ལས་བརྒལ་བ་ཞིག་ནས་མཛད་སྒོར་མཉམ་བཞུགས་གནང་འདུག
སྐབས་དེར་ཧི་མ་ལ་ཡའི་སྤ་རི་ཝར་ཚོགས་པའི་དྲུང་ཆེ་རི་ཤི་ཋ་ལི་ཡ་ལགས་ནས་གསུང་དོན། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་བོད་དང་བོད་མིའི་གནས་སྟངས་སྐོར་རྒྱ་གར་མི་མང་ནང་ཁྱབ་བསྒྲགས་བྱེད་རྒྱུ་དང་ཚོགས་པ་དེ་ནི་ཕྱི་ལོ་༢༠༠༠ ལོར་ངྷ་ཤོད་བོད་ཁྱིམ་སློབ་གྲྭར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་ཐོག་མར་དབུ་འབྱེད་གནང་ཡོད་འདུག་པ་བཅས།།