༢༠༡༠ ཟླ་ ༡༡ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས ༣༠ ཉིན་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད་པའི་ནང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དགོས་པའི་འབོད་སྐུལ་གནང་དོན། དེ་རིང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་ནས། བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། དྲུང་ཆེ་འགན་འཛིན་རྣམ་པ་སོགས་ལས་བྱེད་ཆེ་ཕྲ། ཕྱི་རྒྱལ་སྦྱིིན་བདག་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ལས་ཟུར་རྣམ་གཉིས་དང་། འགན་འཛིན། སློབ་སྤྱི། དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་བཅས་ལ་ཐོག་མར་གུས་ནས་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དགའ་སྟོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་མ་ཐག་བོད་མིའི་རང་དབང་སླར་གསོ་སོགས་ཀྱི་མཛད་འཕྲིན་ཇི་སྙེད་ཅིག་སྐྱོང་གནང་མཛད་པའི་ནང་ཚན་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། མ་འོངས་བོད་ཀྱི་བདག་པོའམ་སོན་རྩ་རྣམས་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞེ་ཅིག་འཚར་ལོངས་འབྱུང་ཕྱིར་གསོ་སྐྱོང་མཛད་སླད་ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བུ་བཅོལ་ཁང་ཞེས་ཐོག་མར་དབུ་འཛུགས་བསྐྱངས་ཞིང་། སྐབས་དེར་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་ལ་བུ་བཅོལ་ཁང་གི་དབུ་འཛིན་དུ་འགན་དབང་བསྐུར་གནང་མཛད་པ་བཞིན་བོད་ནས་འབྱོར་མ་ཐག་པའི་བོད་མི་རྣམས་ཀྱི་བུ་ཕྲུག་དང་། ལམ་བཟོའི་ས་ཁུལ་སོགས་བོད་མིའི་སྡོད་གནས་ཁག་ནས་སློབ་ལོ་སོན་པ་དང་མ་སོན་པའི་བུ་ཕྲུག་མང་དག་བསྡུ་རུབ་གནང་སྟེ་ཟས་གོས་གནས་མལ་སོགས་གང་ཅིའི་མཐུན་རྐྱེན་ཐོག་ཕྱི་ནང་ཤེས་ཡོན་གྱི་འགོ་འཛུགས་ས་ལྟ་བུ་དང་། སློབ་ལོ་སོན་རིགས་རིམ་བཞིན་གཏན་སློབ་ཁག་ཏུ་གཏོང་རྒྱུ་སོགས་སྐབས་དེའི་གནས་སྟངས་སྐུ་ངལ་སྣ་ཚོགས་པ་རྣམས་ལ་གདོང་ལེན་མཛད་དེ་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད། ཡིད་སྐྱོ་བ་ཞིག་ལ་ཕྱི་ལོ་ ༡༩༦༤ ལོར་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་ཞིང་། དེའི་རྗེས་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་ཐུགས་འགན་བཞེས་ཏེ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་ནས་གཞི་རྒྱ་ཆེ་ལ་གཟེངས་སུ་ཐོན་པའི་མཛད་རྗེས་ཇི་ལྟར་བསྐྱངས་པའི་ཚུལ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། ༸སྐུའི་གཅུང་མོ་གངས་ལྗོངས་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དགུང་ནའི་བབ་དང་། རྩ་བའི་བོད་ཕྲུག་ཁྱིམ་སྡེ་འདི་བཞིན་འགན་འཁུར་བ་རིམ་པས་རྒྱུན་འཛིན་སྲ་བརྟན་འབྱུང་བའི་ལམ་འཁྲིད་སྦྱོང་གོམས་ཆབས་ཅིག་ཡོང་སླད་དབུ་འཛིན་རང་གི་ཐུགས་འགན་དངོས་སུ་མ་བཞེས་ནའང་ཁོང་གིས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཡོངས་ཀྱི་ལས་དོན་ལ་གཟིགས་རྟོག་ལམ་སྟོན་དང་། ལྷག་པར་དེང་རབས་དང་མཐུན་པའི་མཐོ་སློབ་ཀྱི་ལས་གཞིར་ཐུགས་འགན་རྐང་བཞེས་གནང་བཞིན་པ་སོགས་རྨད་བྱུང་གི་མཛད་རྗེས་ལ་རྟག་ཏུ་ཡི་རང་བསྔགས་བརྗོད་ཞུ་གི་ཡོད། དེང་གི་ཆར་ཡང་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཚེ་དབང་ཡེ་ཤེས་མཆོག་གིས་དབུས་འགན་འཛིན་དང་། སློབ་སྤྱི། དགེ་ལས་བཅས་ཡོངས་ནས་ལས་དོན་ཞུ་སྒོ་རྣམས་ལ་འཐུས་ཤོར་མེད་པར་རྒྱུན་འཁྱོང་གནང་བཞིན་པར་ཡང་ད་རེས་དུས་དྲན་གྱི་གོ་སྐབས་འདིའི་ཐོག་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་བཞིན་སློབ་ཕྲུག་རྣམ་པ་ཚོས་ཀྱང་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དང་། ཡ་རབས་སྤྱོད་བཟང་སོགས་སློབ་གྲྭའི་བྱེད་སྒོ་མཐའ་དག་ཐོག་འབད་བརྩོན་ལྷོད་མེད་གནང་དགོས། དེ་ལྟར་གནང་དགོས་པ་ཡང་། བོད་འདི་བཞིན་ལོ་རྒྱུས་ཁུངས་བཙན་ཡོད་པའི་རྒྱལ་ཁབ་བསྙོན་མེད་ཅིག་ཡིན་བཞིན་དུ་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་ཧམ་སེམས་ཆེན་པོས་མ་བདག་བདག་བཟུང་བྱས་པས་མ་ཚད་འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ཡུལ་གྱི་བདག་པོ་གཞིས་ལུས་བོད་མི་རྣམས་ལ་གསོད་རྡུང་བཀོལ་སྤྱོད་ཀྱི་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་མ་ཟད། ཉེ་ཆར་རྒྱ་ནག་དབུས་ས་གཉིས་ནས་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་རང་སྐྱོང་བཅའ་ཁྲིམས་བཅས་ལ་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་བསྒྲགས་ཆེ་རུ་བཏང་བའི་སྲིད་བྱུས་གཏན་འབེབས་བྱས་སྟབས་གཞིས་ལུས་བོད་མི་ཤེས་ཡོན་ཅན་དང་། དགེ་རྒན་སློབ་ཕྲུག མི་སེར་དཀྱུས་མ་དང་བཅས་པས་ངོ་རྒོལ་ཤུགས་ཆེ་བྱས་དང་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཤུགས་ཆེ་གནང་དགོས་པའི་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་དང་། ལྷག་པར་རྒྱ་ནག་བཙན་དབང་རིང་ལུགས་པས་རང་རེའི་སྲོག་ལས་གཅེས་པའི་སྐད་ཡིག་རྩ་མེད་གཏོང་རྒྱུའི་བྱུས་ངན་ལ་གཞིས་ལུས་བོད་མི་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་འཐབ་རྩོད་གདོང་ལེན་གནང་བཞིན་པ་ལྟར་བོད་ཕྲུག་ཁྱིམ་སྡེ་འདི་གཙོས་རང་དབང་ལུང་པར་ཡོད་པའི་རང་རེ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་སྡེ་ཚན་ཡོངས་ནས་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་སླད་སྔར་ལས་ལྷག་པའི་བསླབ་པ་སློབ་གཉེར་བྱ་དགོས་པའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཁུར་དུ་བབ་ཡོད། ད་དུང་རྒྱ་ནག་ཆོས་ལུགས་ལས་དོན་ཅུས་ཀྱིས་གཏན་ལ་ཕབ་པ་ཟེར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཨང་ ༨ པ་ཟེར་བ་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འཆར་དེ་ནི་བོད་གཞིས་བྱེས་གཉིས་དབར་གྱི་བླ་སློབ་དམ་ཚིག་གི་འབྲེལ་ལམ་གཅོད་ཐབས་དང་། རྒྱ་ནག་ཆོས་མེད་སྲིད་གཞུང་གིས་བཀོད་བྱུས་ཚོད་འཛིན་འོག་ཆོས་ལུགས་ལ་དམ་བསྒྲགས་བྱ་ཐབས་ཤིག་ཡིན་པ་བཞིན། བོད་གཞུང་ཆོས་རིག་ལས་ཁུངས་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་བཅས་ནས་གསར་འགོད་བསྒྲགས་གཏམ་སྤེལ་བ་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཡིག་ཆ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པའི་ནན་བཤད་བྱ་རྒྱུ་ཡིན། མདོར་ན་བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་གོམས་གཤིས་བཟང་པོ་དང་བཅས་པ་རྩ་མེད་གཏོང་བའི་ཛ་དྲག་གི་གནས་སྟངས་རྣམས་བསམ་ཤེས་ཀྱིས་མ་འོངས་བོད་ལྗོངས་སུ་རང་དབང་གི་ཉི་མ་ཤར་མཚམས་བོད་མི་རང་ཉིད་ཀྱིས་འཛིན་སྐྱོང་སྲ་བརྟན་བྱ་ཐུབ་པའི་གདེང་སྤོབས་དང་། དེ་ལྟར་བྱ་རྒྱུའི་དམ་བཅའ་བརྟན་པོར་བཟུང་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མི་ཉམས་གོང་སྤེལ་གནང་རྒྱུ་གཙོ་བཟུང་ཐོག་རིགས་གཅིག་རྐང་འཛིན་སོགས་ཀྱི་སློབ་སྦྱོང་མཐར་སོན་པ་གནང་སྟེ་གྲ་སྒྲིག་གནང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། དེ་ལྟར་མིན་པར་རང་རང་མི་ཚེ་གཅིག་གི་འཚོ་ཐབས་འཁྱོལ་ཙམ་གྱིས་འགྲིག་པར་བསམས་ཏེ་བསྡད་པ་ཡིན་ན་མ་འོངས་པར་རྒྱལ་སྤྱིའི་ཐོག་ངོ་གནོང་དགོས་རྒྱུ་ཞིག་དང་། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་རྣམས་ཀྱི་རེ་དོན་ཆུད་ཟོས། བཀའ་དྲིན་ཅན་གྱི་མི་རབས་རྒན་པ་རྣམས་ཀྱི་མཛད་རྗེས་ཤུལ་མེད་དུ་འགྲོ་རྒྱུ་བཅས་ཆགས་ཉེན་ཡོད་པས་བླང་དོར་གྱི་གནད་རྣམས་ལ་མ་འཕྱུགས་པར་ཚང་མས་ཡིད་གཟབ་གནང་རྒྱུ་ཧ་ཅང་གལ་འགངས་ཆེ་བར་བརྟེན་ཡང་བསྐྱར་གུས་ནས་ད་རིང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༥༠ ཐམ་པ་ཧྲིལ་པོ་འཁོར་བའི་དམིགས་བསལ་དུས་དྲན་གྱི་གོ་སྐབས་འདི་དང་བསྟུན་ནས་ཚང་མས་ཧུར་བསྐྱེད་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ད་ཕན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་འདི་བཞིན་ཡར་རྒྱས་ཀྱི་གནས་སྟངས་འདི་ལྟ་བུ་བྱུང་བ་ནི་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་། རྒྱ་གར་དབུས་སའི་གཞུང་གིས་གཙོས་ཕྱི་རྒྱལ་སྤྱི་སྒེར་རོགས་རམ་ཚོགས་པ་ཁག་གིས་མཐུན་འགྱུར་རོགས་རམ་གནང་བ། ད་ལྟ་བར་དུ་ཕྱག་ལས་མཉམ་རུབ་གནང་མཁན་སྤྱི་དང་། ཁྱད་པར་དུ་ཐོག་མར་དཀའ་ཚེགས་ཤིན་ཏུ་ཆེ་བའི་དུས་སྐབས་སུ་དཀའ་ངལ་ལ་གདོང་ལེན་མཐའ་འཁྱོངས་གནང་བ་བཅས་ཀྱི་འབྲས་བུར་བརྟེན་འབྲེལ་ཡོད་ཚང་མར་གོ་སྐབས་འདི་བརྒྱུད་བཀའ་དྲིན་རྗེས་དྲན་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་དུང་མ་འོངས་པའི་དུས་སུའང་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་སྔར་ལས་ལྷག་པའི་སེམས་ཤུགས་བསྐྱེད་གནང་གིས་སྒྲིག་འཛུགས་འདི་བཞིན་སྲ་བརྟན་དུ་མུ་མཐུད་གནས་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རྡ་ས་བོད་ཕྲུག་ཁྱིམ་སྡེ་མ་ལག་ཡོངས་ཀྱི་ཕྱག་ལས་མཐའ་དག་དམིགས་དོན་ལྟར་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣༠ ལ།།