༢༠༡༠ ཟླ ༡༡ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༧ ཉིན་འདི་གར་འབྲེལ་ཡོད་ནས་བཏང་འབྱོར་ནང་འཁོད་དོན། སྲིད་ཞིའི་གཙུག་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཞབས་དྲུང་དུ། འཛམ་གླིང་བྲན་གཡོག་གི་ནང་ནས་ཆེས་དཀའ་སྡུག་ལ་གནས་པའི་བསམ་བློའི་བྲན་གཡོག་པ་བདག་གིས་ལག་ཟུང་པད་མོ་སྙིང་ཁར་སྦྱར་ཅིང་། དད་པའི་མིག་ཆུ་རྒྱུན་ཆད་མེད་པར་ལྷུང་བཞིན་དུ་གང་ཉིད་ལ་བོད་མིའི་བདེ་སྡུག་ཕྲན་བུ་ཞུ་བར་ཐལ་བས་དེའི་ཐད་བསམ་བློའི་བྲན་གཡོག་པ་བདག་གིས་བོད་གཅིག་པུའི་དོན་དུ་མར་འགྱུར་བའི་རིགས་དྲུག་ཡོད་དོ་ཅོག་ལ་གནོད་པའི་ལས་སུ་སོང་ན་ལུས་ངག་ཡིད་གསུམ་གྱིས་ལྟུང་བ་ཕྱིར་བཅོས་ཀྱི་བཤགས་པ་འབུལ་རྒྱུ་དང་། དེས་རིགས་དྲུག་ཐམས་ཅད་དང་སྒོས་སུ་འཛམ་གླིང་མིའི་རིགས་ལ་ཕན་ཐོགས་པ་ཞིག་ཡོད་ཕྱིན་བཀའ་སློབ་དང་ལུང་བསྟན་འཛད་མེད་ཅིག་ཡང་ཡང་དུ་བསྩལ་བའི་སྐྱབས་འཇུག་གནང་བར་མཁྱེན་མཁྱེན། མཁྱེན།
ད་ཆའི་བོད་ཀྱི་གནས་སྟངས་ཕལ་སྐད་སྲོང་པོར་བརྗོད་པའི་ཀ་ཕྲེང་།
ཀྭ་ཡེ་ཡིད་འོང་སྙིང་གི་ནོར་བུ།
ཁ་ཐོར་བྱེད་དགོས་ལས་ལ་བཀོད་སོང་།
ག་གེའི་ཡུལ་དུ་འགྲོ་དོན་སྒྲུབ་དུུས།
ང་རང་དད་པའི་མིག་ཆུ་ཤོར་སོང་།
ཅ་ཅོ་རྫུན་མའི་ཚིག་ལ་དགའ་བའི།
ཆ་འཇོག་བྲལ་བའི་རྒྱ་མིས་ཁེངས་དུས།
ཇ་རྩམ་སྤྱོད་པའི་བོད་པ་རྣམས་ཚོ།
ཉ་རྒྱས་ཟླ་བ་འཆར་རྒྱུར་སྒུག་སོང་།
ཏ་ཀུའི་ལག་རྟེན་འཁར་བ་སྤྲད་ཅེས།
ཐ་དད་མི་རིགས་དེ་ཡིས་བརྗོད་དུས།
ད་གཟོད་གངས་རིའི་ལྗོངས་ན་གནས་པའི།
ན་གཞོན་བོད་ཕྲུག་ལག་རྡུམ་ཡིན་ནམ།
པ་སངས་བཞིན་དུ་འོད་དཀར་འཚེར་བའི།
ཕ་ཡུལ་གངས་རིའི་ལྗོངས་ཀྱི་ལོ་རྒྱུས།
བ་དན་རླུང་གིས་གཡོས་པ་ཇི་བཞིན།
མ་དག་ཟོལ་གྱིས་སྒྲིབ་ནས་འདུག་གོ
རྩ་བ་མེད་པའི་སྡོང་པོ་ཞིག་ལ།
ཚ་ལུ་ཤིང་ཏོག་སྐྱེས་ཞེས་བརྗོད་ན།
མཛའ་མཐུན་ཡོང་རེའི་ཁོ་ཐག་ཆད་དེ།
ཝ་སྐད་མ་ཤོར་ཀ་མེད་ཐུག་བྱུང་།
ཞྭ་སེར་སོགས་ཀྱི་བསྟན་པའི་འཛིན་སྐྱོང་།
ཟ་འདྲེ་དེ་ཡིས་རྨེག་མེད་གཏོང་དུས།
འ་ཅག་བོད་མིའི་རྣམ་ཤེས་གོང་བུར།
ཡ་བྲལ་བསམ་པ་ཇེ་ཆེར་གྱུར་གྱིས།
ར་གན་གསེར་བརྫུས་སྙན་པོའི་གཏམ་གྱིས།
ལ་ལུང་གང་སར་འབོད་བསྒྲགས་བྱེད་མཁན།
ཤ་རུས་ཐ་དད་མི་རིགས་དེ་ཡིས།
ས་གཞིའི་གཙུག་རྒྱན་དུམ་བུར་བཏང་སོང་།
ཧ་ཤང་སྤྱང་ཀི་ཤ་རྔམ་བཞིན་དུ།
ཨ་མདོ་ལ་དྭགས་ཡོངས་ཁྱབ་དུས་འདིར།
ཨ་ཁུ་ཁྲོ་ཐུང་སྡར་མ་རེད་ཅེས།
ཧ་ལོ་སད་ཀྱིས་བཅོམ་བཞིན་འདུག་གོ
ས་ཡི་ཚངས་པ་རིན་པོ་ཆེ་ཉིད།
ཤཱཀྱའི་བསྟན་འཛིན་དངོས་རང་ཡིན་ཀྱང་།
ལ་གཏམ་ལུང་གཏམ་ཅན་གྱི་རྒྱ་མིས།
ར་ནད་ལུག་དཀྲི་བྱེད་བཞིན་ཐལ་སོང་།
ཡ་ཐོག་རིང་མོའིི་དུས་ནས་བརྒྱུད་པའི།
འ་ཅག་བོད་མིའི་ཀུན་སྤྱོད་ཤེས་རིག
ཟ་མ་ལྟོ་ཡི་ལྷག་རོར་གྱུར་དུས།
ཞྭ་མོ་ནག་པོ་གྱོན་འདོད་སུ་ཡོད།
ཝ་སྐྱེས་སེང་ལྤག་གྱོན་མཁན་རྣམས་ནི།
ཛ་ལང་སྤྱོད་པས་རབ་ཏུ་བསྐྱངས་ཀྱིས།
ཚ་ཁའི་འབེན་དུ་གནས་པའི་བདག་འདྲར།
རྩ་འཛིན་མང་པའི་ཁྲིམས་ཀྱིས་མནར་གཅོད།
མ་གཡར་ཨ་མའི་ཞལ་ལ་ཉོན་ཞེས།
བ་མོ་རྒྱུགས་པས་རྡུང་བའི་ཚེ་ན།
ཕ་གཞིས་བུ་བསྐལ་དེ་ཡི་ཆེད་དུ།
དཔའ་ཞུམ་མགོ་བོ་སྒུར་ཐབས་བྲལ་སོང་།
མ་ནོ་བུལྷ་ཡ་ཞེས་བརྗོད་ན།
ད་གཟོད་དོགས་པའི་གཞི་རུ་གྱུར་ཏེ།
ཐ་མལ་ཙི་ནའི་འགོ་དཔོན་དེ་ཡིས།
ཏཱ་ལའི་རྗེས་འཇུག་རེད་ཅེས་ལབ་བྱུང་།
ཉ་མོ་འུ་ཅག་ཆོས་ལྡན་ཞིང་གི
ཇ་མར་རྩམ་པའི་འཚོ་བརྟེན་འདི་དང་།
ཆ་བྱད་མི་འདྲའི་སྣམ་གོས་འདི་ལ།
ཅ་ག་དག་པོར་བྱེད་བཞིན་གནས་ཡོད།
ང་རྒྱལ་བདུན་གྱི་དྲི་མས་མ་འགོས།
ག་ཡ་འོད་སྲུང་ཉན་ཐོས་སྲས་བཞིན།
ཁ་སྐོང་གསུང་ཆོས་བཅུ་གསུམ་ལ་བརྩོན།
བཀའ་གཙང་གསུང་མཁན་གང་ཉིད་དྲན་བྱུང་།
མཇུག་ཏུ་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་ལ་བརྩོན་མཁན་ཚོ་མཉམ་འབྲེལ་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུས་འདུད་བཅས།