༢༠༡༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་ ༢༠༡༠། ༨། ༢༡། ཉིན་རིམ་སྤེལ་དཔྱད་གཏམ་བཅུ་བཞི་པར་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མིག་སྒྲིབ་བྱེད་ཀྱི་ཐབས་དང་བོད་ཆེན་པོའི་སྐོར་གྱི་ལྐོག་གཡོ་་ཞེས་པའི་སྐྱག་རྫུན་ལན་བརྒྱར་སྨྲ་བའི་མུ་ཅོར་གྱི་ཕྲེང་བ་སྤེལ་ཏེ། རྒྱ་ནག་གཞུང་གི་ཆབ་སྲིད་ཐད་ཀྱི་ཆོད་སེམས་མེད་པའི་གཤིས་ཀ་བསྐྱར་སྟོན་བྱས་ཡོད་ཅིང་། ལྷག་ཏུ་བོད་མི་མང་གི་བདེ་སྡུག་ཐད་འཛིན་པའི་རྒྱ་ནག་གཞུང་གི་ཉི་མ་འབུད་རྒྱག་གི་སྲིད་བྱུས་བསྐྱར་བསྒྲགས་བྱས་ཡོད། དཔྱད་གཏམ་འདི་ལན་དུ་བཟློ་ཡུལ་གྱི་རིན་ཐང་ཤིན་དུ་ཆུང་ནའང་། རྒྱ་གཞུང་གི་གོ་བ་ལོག་འགྲེལ་བྱེད་པའི་བོད་ཆེན་པོ་ཞེས་པའི་ཚིག་འདི་གང་སར་འཛེམ་མེད་བཀྲམ་དབང་གིས། སྐྱེས་བོ་རེ་འགའ་རེ་དོགས་འབྱུང་མི་སྲིད་པ་མིན་སྟབས། གཤམ་དུ་འདིའི་ཐད་ཀྱི་དོན་དངོས་སྙིང་བསྡུས་ཀྱིས་བརྗོད་རྒྱུ་ཡིན།
བོད་ཀྱི་བྱུང་རབས་དང་ཆོས་འབྱུང་ཁག་ཏུ་གསལ་བའི་བོད་ཆེན་པོའི་གོ་དོན་འདིར་དྲངས་དགོས་ཚེ། བྱུང་རབས་བཟོ་བཅོས་ལ་ཅི་མི་སྙམ་པའི་རྒྱ་ནག་གཞུང་ལ་ཕན་དུ་མེད་ཀྱང་། ཉེ་དུས་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “རྒྱལ་བོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་སྟེ། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང་། བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་ཡང་མི་བདེན་ཏེ། འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་པ་བཞུགས་པས་དེར་གཤེགས་པར་ཞུས་ཚུལ་རྣམ་ཐར་དུ་གསལ་བ་བཞིན་ནོ།” ཞེས་རྫོགས་ཚིག་བཀོད་དེ་ཚིག་ཐག་ཆོད་པས་ཐུགས་བཞེད་གནང་བས་ཀྱང་། རྒྱལ་བོའི་ཕོ་བྲང་ངམ་དབུས་གཞུང་དང་ཐག་ཉེ་རྒྱང་སྟོན་བྱེད་དུ་བོད་དང་བོད་ཆེན་པོ་ཞེས་འབོད་སྲོལ་ཡོད་པ་ཙམ་ལས། བོད་ལ་ས་ཁྱོན་གྱི་དབང་དུ་བྱས་པའི་ཆེ་ཆུང་གཉིས་ཡོད་པ་སྟོན་གྱི་མེད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་༢༠༠༩། ༨། ༢༧། ཉིན་”༼བོད་ཆེན་པོ་༽ཞེས་པའི་བརྗོད་སྲོལ་འདི་གནའ་བོའི་རྒྱ་གར་གྱི་མཁས་པ་ཚོས་བོད་ཀྱི་ཆ་ཤས་རྣམས་ས་བབ་ཀྱི་ཆ་ནས་རྒྱ་གར་དང་རྒྱང་ཐག་ཇི་ཙམ་དུ་གནས་པ་སྟོན་བྱེད་དུ་བེད་སྤྱོད་བྱས་ཡོད། དེ་ཡང་བོད་ཀྱི་ས་ཁུལ་རྒྱ་གར་གྱི་ས་མཚམས་སུ་འཁེལ་བའམ། ཡང་ན་དེ་དང་ཉེ་བ་ལ་བོད་༼བྷོཊ༽དང་། རྒྱ་གར་ནས་ཐག་རིང་དུ་གནས་པ་ལ་བོད་ཆེན་པོ་༼མཧཱབྷོཊ༽ ཞེས་འབོད་སྲོལ་འདུག
ས་སྐྲི་ཏའི་སྐད་ནང་ས་བབ་ཀྱི་ཐོག་ནས་རྒྱང་ཐག་རིང་བའི་ས་ཆ་ཁག་སྟོན་བྱེད་དུ་”ཆེན་པོ་”ཞེས་པའི་ཁྱད་ཆོས་སྦྱར་སྲོལ་ཡོད་པ། དཔེར་ན། གྲོང་དང་ཉེ་བའི་ནགས་ལ་”ནགས་”༼ཨརཎྱ༽དང་། དེ་ནས་རིང་དུ་གནས་པའི་ནགས་ལ་”ནགས་ཆེན་པོ་”༼མཧཱཨརཎྱ༽ཞེས་བརྗོད་པ་ལྟ་བུའོ།། དོན་དུ་བརྗོད་སྲོལ་འདི་རྒྱང་ཐག་ལས། རྒྱ་ཁྱོན་དང་ཁྱད་ཆོས་ལ་མི་གོ
གནའ་བོའི་དུས་སུ་བོད་རྒྱ་མི་རིགས་གཉིས་སྐབས་རེ་ཕན་ཚུན་ལ་ཆེ་བསྟོད་མཚོན་སླད་”རྒྱ་ཆེན་པོ་”དང་། བོད་ཆེན་པོ་ཞེས་བེད་སྤྱོད་བྱས་པ་བྱུང་ཡང་། དེ་དག་ནི་ས་ཁྱོན་གྱི་ཆ་ཤས་གསལ་ཕྱིར་མིན་པར་རྒྱ་ནག་ཡོངས་ཁྱབ་དང་། བོད་ཡོངས་ཁྱབ་ལ་གོ་བའི་དོན་དུ་བེད་སྤྱོད་བྱས་ཡོད། བོད་རྒྱའི་དབར་ཕྱི་ལོ་ ༨༢༡།༨༢༢ ལོར་བཞག་པའི་ཆིངས་ཡིག་ནང་དུའང་བོད་ཆེན་པོ་དང་། “རྒྱ་ཆེན་པོ་”ཞེས་པའི་ཚིག་བེད་སྤྱོད་བྱས་ཡོད།” ཅེས་ལན་མང་གསུངས་ཡོད།
ཆེན་པོའི་ཚིག་འདི་གང་ལ་སྦྱར་ན་དེའི་བྱས་པ་བཟང་ངན་གང་རུང་གིས་གཞན་དང་མི་འདྲ་སྟོན་པ་ནི། མི་རྣམས་ཀྱི་གསལ་པོར་རྟོགས་ཐུབ་པའི་གཞི་རིམ་གྱི་རྒྱུན་ཤེས་ཤིག་རེད་ལ། ཡུལ་གྲུ་ཞིག་ལ་ཆེན་པོ་བཏགས་པས་གཟི་བརྗིད་དང་མངའ་ཐང་སྟོན་གྱི་ཡོད་པ་ནི། དཔེར་ན། དུས་རབས་སྔ་མ་དག་གི་བོད་ཀྱི་བཙན་པོའི་གཞུང་དེ་བོད་རྒྱལ་ཁབ་ཆེན་མོ་ཞེས་འབོད་སྲོལ་འདུག་པ་ལྟ་བུ་རེད། དེ་ནི་རང་གིས་རང་ལ་འུར་བསྟོད་བྱས་པ་ཙམ་ཞིག་མིན་པའང་། སྐབས་དེའི་རུ་དམག་ཆེན་པོ་རྣམས་ཀྱི་གཡུལ་འགྱེད་ཆེན་པོ་དག་ལས་ཤེས་ཐུབ་ལ། རུ་དཔུང་གཡུལ་ལས་རྣམ་པར་རྒྱལ་ན་བཀའ་ཡི་བློན་པོ་ཆེན་པོར་བསྐོ་གཞག་གནང་བ་སོགས་ཀྱིས། སྐབས་དེའི་ནང་དོན་ཅན་གྱི་ཆེན་པོའི་ཚིག་དེ་གང་ཟག་བྱེ་བྲག་པའི་སྟེང་དུའང་འདོགས་སྲོལ་བྱུང་ཡོད་ལ། མགར་སྟོང་བཙན་ལ་བློན་ཆེན་མགར་དམ་པ་ཞེས་བོད་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོ། ༸རྒྱལ་དབང་ལྔ་པ་ཆེན་པོ་ཞེས་ཆེན་པོ་སྦྱར་སྲོལ་གྱི་རིམ་པ་དེས། བཙན་པོའི་རྒྱལ་རབས་ནས་ད་བར་གྱི་བོད་མི་རིགས་ཀྱི་སྙིང་སྟོབས་དང་བསམ་བློའི་འཕེལ་རིམ་མཚོན་མི་ཐུབ་པའི་ཁ་ཚོན་སུས་ཀྱང་གཅོད་མི་ཐུབ། དུས་རབས་ ༢༠ པའི་མཇུག་ཏུ་སྐྱེས་པའི་སྨྱུག་འཛིན་པ་ཁོ་བོ་ལྟ་བུར་མཚོན་ན། རང་གི་བྱུང་རབས་ཀྱི་ཤོག་ལྷེ་རེ་རེའི་ཀློང་ནས། བོད་ཆེན་པོ་ཞེས་པའི་ཆེན་པོ་ནི་བོད་མི་རིགས་འདིའི་ཡོད་ཚད་དུ་བགྲང་གི་ཡོད་ལ། བྱུང་རབས་ཀྱི་ཤོག་ལྷེ་ཁྲོད་ནས་འགྲན་གྱི་ཟླ་མ་མཐོང་བ། བོད་མི་རིགས་སྐྱོབ་པའི་མཁས་མཛངས་ཀྱི་དབུ་ཁྲིད་གོང་ན་མེད་པ། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐབས་འདིར། དེ་བས་ཀྱང་བོད་མི་རིགས་ཀྱི་ཤེས་རབ་དང་། བཟོད་བསྲན། དྲང་བདེན། གཞན་ཕན། སྙིང་སྟོབས། ལར་ཞེན་སོགས་ས་ཆེན་པོར་མ་ཤོང་པས། བོད་ལ་ཆེན་པོ་སབྱར་བ་ནི་དོན་ལ་གནས་ཤིང་། དེ་ནི་བྱུང་རབས་སུའང་ཡོད་ལ། ད་ལྟའང་ཡོད་ཁར། མ་འོངས་པའང་ཡོད། འོན་ཀྱང་བོད་ཆེན་པོ་ཞེས་པས་བོད་ཆུང་ངུ་ཞིག་ཡོད་པ་སྟོན་གྱི་མེད་ལ། བོད་ཆུང་ངུ་ནས་ཆེ་རུ་བཏང་བའང་སྟོན་གྱི་མེད། དེས་ནམ་ཡང་གཟི་བརྗིད་ཅན་ནམ་ལོ་རྒྱུས་ཅན། རིག་གཞུང་ཕུན་སུམ་ཚོགས་པོ་ཅན། སྐད་ཡིག་གནས་ཚད་མཐོ་ཤོས་ཅན་གྱི་བོད་དེ། གཞན་ལས་དོན་དམ་གྱི་ནང་དོན་ཆེན་པོ་ལྡན་པའི་བོད་རང་སྟོན་གྱི་ཡོད་ལ། དེང་སྐབས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ ༥༥ བཏགས་ཡོད་པའི་ནང་གི་བོད་མི་རིགས་ཞེས་པ་དེ་སྟོན་གྱི་ཡོད།
དཔྱད་གཏམ་པས་དོན་དངོས་འདི་དག་ལ་བསམ་བློ་ཁྱོན་ནས་མི་བཏང་བར། བོད་ཆེན་པོ་ཞེས་པའི་གོ་དོན་ལ་ལོག་འགྲེལ་བྱས་ཏེ། བོད་ཆེན་པོ་ནི་བོད་ཀྱི་ས་ཁྱོན་ཉག་གཅིག་མཚོན་པའི་མིང་ཚིག་ཞིག་ཏུ་བསྒྲགས་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་རྒྱུ་ནི་རྦད་དེ་རང་བཙན་གྱི་ནང་དོན་ངོ་མ་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་ལ། རྒྱ་གཞུང་རང་གི་སེམས་གཏིང་ན་རེ་དོགས་ཅན་གྱི་ཚིག་བོད་ཆེན་པོ་ཞེས་པ་ལོག་སྤྱོད་ཀྱིས། དོན་དམ་བོད་མིའི་མངོན་འདོད་ལ་འབུད་རྒྱག་གཏོང་གི་ཡོད་པས། ད་ལྟའི་ཆབ་སྲིད་ཀྱི་མདུན་བསྐྱོད་ནང་རྒྱ་ནག་གཞུང་གིས་བསམ་བཞིན་བོད་ཆེན་པོ་ཞེས་པའི་ཚིག་འདི་བེད་སྤྱད་གནང་ན་ཁེ་ཕན་རག་གི་ཡོད་པ་མ་ཟད། བོད་རིགས་ནང་ཁུལ་དུའང་རྣམ་རྟོག་མང་པོ་བདེ་ལེགས་ངང་བསྐྲུན་ཐུབ་ཀྱི་ཡོད་མོད། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས། བོད་རིགས་ཚོས་རང་གི་མི་རིགས་དུམ་བུར་བགོས་པའི་མཇུག་འབྲས་ལ་ཁྱོན་ཡོངས་ནས་མཆིལ་ཞགས་འཕེན་གྱི་རེད་ལ། ཉིས་སྟོང་བརྒྱད་ལོའི་ཞི་བའི་གདུང་འབོད་ནི་དེའི་དབུ་ཁྱུད་ཙམ་རེད། ལོ་རྒྱུས་ཀྱི་བསླབ་བྱ་འདི་ལྟ་བུར་དགོངས་ནས། རང་སྐྱོང་བཅའ་ཁྲིམས་དོན་ཚན་ ༢ དང་དོན་ཚན་ ༡༤ ནང་སྔ་མོ་ནས་གྲངས་ཉུང་མི་རིགས་སོ་སོའི་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་ལག་ལེན་དངོས་སུ་བྱེད་ཕྱོགས་དང་། ས་མཚམས་གཅོད་སྟངས་བཅས་ལ་དབང་ལུང་གནང་བ་དེས། གྲངས་ཉུང་མི་རིགས་སོ་སོར་ཁ་བྲལ་དང་། རྣམ་པ་འགྱུར་བའི་རང་བཙན་སོགས་བྱེད་དགོས་པར་སློབ་སྟོན་བྱས་པར་སུས་ཀྱང་གོ་བ་ལེན་མི་སྲིད་ལ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་དོན་འཁྱོལ་ཡོང་ཐུབ་ཀྱི་མངོན་འདོད་ལ། བོད་ཆེན་པོ་ཞེས་པའི་ཆབ་སྲིད་ཀྱི་ཚིག་གཅིག་བཟོས་ཏེ། ཁྲིམས་ཀྱི་དབང་བསྒྱུར་མེད་པའི་བྱ་སྤྱོད་འབུར་དུ་འཐོན་བཞིན་པའམ། རྩ་ཁྲིམས་དང་བཅའ་སྒྲིག་ཁག་ནུས་མེད་བཟོོ་བ་དག་ནི་རྒྱ་ནག་ཆེན་པོ་གས་ཁ་ཤོར་བའི་ཉེན་བརྡ་གསལ་ཤོས་དེ་ཡིན། དཔྱད་གཏམ་པས་ད་དུང་བསམ་བཞིན་བོད་ཆེན་པོའི་ནང་དོན་སི་ཏྲ་སི་སྦག་གི་གསུང་བཤད་དང་ཞི་བའི་དོན་ཚན་ལྔར་བཙན་སབྱར་བྱེད་པ་ནི། བྱུང་རབས་ལ་བསྒྱུར་བཅོས་གཏོང་བ་དང་། སྲིད་བྱུས་ལ་འགྱུར་འགྲོས་མེད་ཅེས་མིག་ལྡན་ཀུན་གྱི་མདུན་སར་ཨུ་ཚུགས་བྱས་པ་དང་མཚུངས་པས་དགོད་བྲོ་བ་ཞིག་རེད། གང་ཡིན་ཞེ་ན། ཁོང་ཚོར་རིག་པའི་གཞུང་ལུགས་ཐད་ཀྱི་རྒྱབ་རྟེན་མེད་པས་རེད། ༢༠༠༨། ༡༠། ༢༨ ཉིན་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་པ་དེས། རྒྱ་ནག་གཞུང་ལ་ཆབ་སྲིད་ཐད་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་པ་ཅི་བཞིན། རྒྱ་ནག་རང་གི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ནང་བོད་མིའི་དགོས་མཁོ་རྣམས་ཚད་གཞི་ངེས་ཅན་གྱིས་བསྐང་ཐུབ་ཀྱི་ཡོད་སྟབས། བོད་མི་རིགས་ཀྱི་དགོས་མཁོ་དང་། དམིགས་བསལ་གནས་བབ་དང་འཚམ་པའི་རང་སྐྱོང་ཁྲིམས་ཡིག་ཁག་ལ་བསྐྱར་ཞིབ་དང་བཟོ་བཅོས་གནང་ན། རྩ་ཁྲིམས་འོག་གནས་རྒྱུའི་བསམ་འཆར་སྤྲད་པ་དེར་ད་དུང་ཡང་དོན་དམ་གྱི་ལན་གང་ཡང་ཐེབས་མེད། དེ་ལ་ལན་གཉིས་ཡོད་ཅིང་། ༡ རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཁས་ལེན་གྱི་ཡོད་མེད་དང་། ༢ དེ་དག་ལ་གོ་བ་ལེན་ཕྱོགས། ཕྱོགས་གང་ན་ནོར་ཡོད་མེད་ལྟ་རྒྱུ་གཉིས་ཁོ་ན་རེད། ཡིན་ནའང་རྒྱ་ནག་གཞུང་ནས་ད་བར་དེ་གཉིས་གང་རུང་ཕར་ཕྱོགས། ད་དུང་དེ་ལས་གཡོལ་ཏེ་ཁ་གྲགས་ཚད་ལ་ ༨༧ དང་ ༨༨ ལོའི་དོན་ཚན་ ༥ དང་དོན་ཚན་ ༧ ཞེས་རྒྱལ་སྤྱིའི་མཐོང་སར་བོད་ཀྱི་གནད་དོན་ལ་ཁ་ཡ་བྱེད་ཀྱི་ཡོད་པའི་གཟུགས་བརྙན་ཞིག་བསྐྲུན་ཁུལ་བྱེད་ཀྱི་ཡོད།
ཞི་བའི་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གསུང་བཤད། ད་དུང་དེ་ནས་ད་ལྟའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་གྱི་བྱུང་རིམ་གསལ་བཤད་ལན་མང་བྱས་ཡོད་ཀྱང་། ཚགས་པར་གྱི་དཔྱད་གཏམ་པས་མ་གོ་ཁུལ་འཛིན་པ་དེར་འདི་ནས་ཀྱང་བསྐྱར་ལྡབ་ཀྱིས་ཞུས་ན། ༢༠༡༠། ༣། ༨། ཉིན་༸གོང་ས་མཆོག་གིས་ “ཞི་བའི་དོན་ཚན་ལྔ་ནི་ཕུགས་ཀྱི་འཆར་སྣང་ཡིན་པས་འབྲེལ་མོལ་ལ་ཐད་འབྲེལ་དེ་ཙམ་མེད་རུང་། སི་ཏྲ་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་ཆོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར། ཕྱི་ལོ་ ༢༠༠༢ ལོ་ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་རིགས་ཡོངས་ཀྱི་གནས་བབ་ཁོ་ན་བརྗོད་བྱར་བཟུང་སྟེ་གླེང་མོལ་བྱས་འབྲས་སུ། རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ་གུ་བཤད་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང་། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་ཐེངས་དགུ་པའི་སྐབས་སུ་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ “ཅེས་གསུངས་འདུག་ཀྱང་། རྒྱ་ཕྱོགས་ནས་དུས་ནམ་རྒྱུན་ཏུ་ཞི་བའི་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གསུང་བཤད་ལ་ཁ་དཀྲིས་ནས་འདུག་པ་ནི། བཀའ་བློན་ཁྲི་པས་ཕྱོགས་སྡོམ་གནང་བ་བཞིན་”རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ཆོད་སེམས་མེད་”ཅེས་པ་དོན་ལ་གནས་པའི་རྟགས་མཚན་གསལ་ཤོས་དེ་རེད།
ལར་ནས་ཚགས་པར་གྱི་དཔྱད་གཏམ་པས་རྒྱུད་སྐུལ་དྲིལ་བསྒྲགས་དང་དུ་ལེན་དགོས་པ་རྒྱ་ནག་ཁྱོན་ཡོངས་ཀྱི་གནས་བབ་དང་གཅིག་མཚུངས་ཡིན་ཡང་། ལག་ཏུ་སྨྱུ་གུ་བཟུང་ཚུན་ཆད་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ལ་ཅུང་ཙམ་དོ་སྣང་བྱས་ན་རིག་པ་ཅན་གྱི་སྐྱེས་བོ་རྣམས་གད་མོ་ལྷུག་ལྷུག་ཏུ་ཤོར་མི་སྲིད་ལ། ཆེན་པོ་རྒྱ་ནག་གི་བསམ་བློའི་རིག་གནས་དང་། མི་གཤིས་རིག་གནས། ཀུན་སྤྱོད་རིག་གནས་ལའང་རེ་དོགས་ཡོང་གཞི་ཉུང་དུ་འགྲོ་བར་སེམས། ལན་འདེབས་ཨང་། ༠༠༡༣།
རྩོམ་པ་པོ། ཤར་ཕྱོགས་ཁུག་རྟ།