༢༠༡༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༨ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༡ པ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་ཚོགས་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད། གསར་འགོད་གསལ་བསྒྲགས་ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ནས་ ༡༤ བཅས་ཉིན་གྲངས་གསུམ་རིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ ༢༠ ཕེབས་འཆར་ཡོད་པའི་ནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨུ་རུའི་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁལ་གྷོར་བྷ་ཆོབ་མཆོག ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག ལེག་ཝ་ལེ་ས་མཆོག མོ་ཧ་མཌ་ཨེལ་བྷ་ར་ཌི་མཆོག བྱང་ཕྱོགས་ཨ་ཡིར་ལེན་གྱི་ལྕམ་སྐུ་མ་གྷུ་རེ་མཆོག ཨི་རན་ནས་ཤེ་རིན་ཨི་བྷར་ཌི་མཆོག འཛམ་གླིང་ནང་ས་འོག་སྦར་རྫས་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཨ་རི་ནས་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་མཆོག་བཅས་དང་། གཞན་ཡང་རྒྱལ་སྤྱིའི་ཚོགས་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཚོགས་པ། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཚོགས། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཟླ་གམ་ཚོགས་པ། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་གནང་མཁན་རྒྱལ་སྤྱིའི་དངོས་ཁམས་རིག་པའི་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལསྤྱིའི་ཞི་བདེའི་ལྷན་ཁང་། ཨ་རིའི་མཛའ་གྲོགས་ལྷན་ཚོགས་ཀྱི་དབུ་ཁྲིད་བཅས་ལྷན་ཚོགས་དེར་མཉམ་ཞུགས་གནང་གཏན་འཁེལ་ཡོད། དེ་བཞིན་ལྷན་ཚོགས་དེར་ཨི་ཊ་ལིའི་རྐང་རྩེད་པོ་ལོ་མཁས་པ་དང་འཛམ་གླིང་ནང་ཞི་བདེ་སྤེལ་ཐབས་གནང་མཁན་སྐུ་ཞབས་རོ་བྷར་ཊོ་བྷེ་ཇོ་ལགས་ཀྱང་ཕེབས་རྒྱུ་ཡིན་འདུག མཛད་སྒོ་དེ་ཧི་རོ་ཤི་མའི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་དྲུང་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ཧི་རོ་ཤི་མའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཊཱ་ཌ་ཏོ་ཤི་ཨ་ཀི་བྷ་(Tadatoshi Akiba) མཆོག་གིས་མཛད་སྒོ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྒྱུ་དང་། དབུ་འབྱེད་ཀྱི་མཛད་སྒོ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐར་མ་ ༡༠ ཙམ་རིང་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་མཐའ་མའི་མཛད་སྒོ་སྐབས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོགས་བཅར་བ་ཚང་མ་ཐུན་མོང་གིས་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ཀྱི་ནང་རྡུལ་ཕྲན་མཚོན་ཆའི་འོག་རྐྱེན་འདས་སུ་གྱུར་བའི་མི་མང་ཚོའི་རྗེས་དྲན་གྱི་མཛད་སྒོར་ལྷན་ཞུགས་གནང་རྒྱུ་མ་ཟད། རྗེས་དྲན་གྱི་མཛད་སྒོའི་སྐབས་ཨི་ཊ་ལིའི་རྐང་རྩེད་པོ་ལོ་མཁས་པ་སྐུ་ཞབས་རོ་བྷར་ཊོ་བྷེ་ཇོ་ལགས་ཀྱིས་འཛམ་གླིང་ནང་ཞི་བདེ་སྤེལ་ཐབས་གནང་བའི་བྱས་རྗེས་ལ་ངོས་འཛིན་གྱིས་ཕྱི་ལོ་ ༢༠༡༠ ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་འདུག་པ་བཅས།།