༢༠༡༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཕུར་བུ།
རྩོམ་པ་པོ། ཤར་ཕྱོགས་ཁུག་རྟ།
༄༅། །བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་བྱེད་ལིའུ་པིང་གིས་ ༢༠༡༠ ཀྲུང་གོའི་བོད་རིག་པ་དུས་དེབ་འདོན་ཐེངས་གཉིས་པའི་སྟེང་། དུས་སྐབས་གསར་བའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་ཅེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་ལ། རྩོམ་ཡིག་འདི་ལིའུ་པིང་གི་མིང་ཐོག་རྒྱ་ནག་གཞུང་གིས་སྤེལ་ཡོད་པ་གསལ་བོ་ཡིན་ནའང་། རྒྱ་ནག་གཞུང་གི་འཇབ་ལ་རྒྱུགས་པའི་བྱེད་ཕྱོགས་དེར་ང་རང་དོ་སྣང་གསར་བ་ཞིག་བྱུང་ཞིང་། རྩོམ་ཡིག་དེའི་ཚན་པ་གཉིས་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་ཚང་མ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མ་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་དགོས་ཞེས་བྲིས་ཡོད། དེ་ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་རྒྱ་ཨང་ལྔ་པ་ཞེས་པ་དེ་བསྒྲགས་ནས་ལོ་གསུམ་ལྷག་ཕྱིན་པའི་རྗེས་ཏག་ཏག་ལ་སྒེར་བའི་མིང་ཐོག་ནས་འཇབ་ལ་རྒྱུགས་པའི་ཚུལ་གྱིས་ཐོན་ཡོད་ཅིང་། དེ་ནི་ཁོང་ཚོས་བོད་ཁུལ་དུ་བསམ་ཚུལ་དེ་རིགས་འགྲེམས་སྤེལ་དང་མཉམ་ཏུ་ཆོས་ལུགས་མི་སྣ་རྒྱལ་ཁབ་ཀྱི་ལས་དོན་ནང་ཆ་ཤས་ལེན་དུ་འཇུག་དགོས་ཞེས་པའི་གཏམ་ཡན་རླུང་སྤར་གྱིས། དོན་དམ་ཆོས་ལུགས་བྱེད་སྒོ་ཚང་མར་སྟངས་འཛིན་བྱེད་རྒྱུ་ངོས་ལེན་ཡོང་ཐབས་དང་ཆོས་ལུགས་མི་སྣའི་བསམ་ཚོད་ལ་ལྟ་ཐབས་ཉག་གཅིག་ཡིན་པ་གསལ་བོ་རེད།རྒྱ་རིགས་ཤེས་ཡོན་ཅན་ཁྲེན་ཝུས་ཅན་གྱིས་ཕྱི་ལོ་༢༠༠༨ལོའི་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོའི་དོན་རྐྱེན་བྱུང་རྗེས་སུ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་སྟོང་བཟོ་བའི་གོམ་སྟབས་མགྱོགས་སུ་བཏང་ཚུལ་གསུངས་བ་ནི་གཡོལ་ཐབས་བྲལ་བའི་དངོས་དོན་རང་རེད། བོད་བརྒྱུད་ནང་བསྟན་གྱིས་སྲོག་དབང་བྱས་པའི་བོད་ཀྱི་རིག་གནས། སྐད་ཡིག ལེགས་བྱང་བཅས་པ་རྩ་སྟོང་བྱེད་འདོད་ཀྱི་འཆར་གཞི་མགྱོགས་ལ་མྱུར་བོའི་ངང་སྤེལ་གྱི་ཡོད་ལ། ཉེ་འཆར་བྱུང་བའི་མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་ཐད་ཀྱི་སྲིད་བྱུས་ནི་དཔེ་མཚོན་གསལ་བོ་ཞིག་ཡིན། དེར་རྒྱའི་སྐད་ཡིག་གཙོ་བོར་བཞག་པ་དང་བོད་ཀྱི་སྐད་ཡིག་ཕལ་བར་བཞག་སྟེ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་བདམས་ཡོད་པ་མ་ཟད། ༢༠༡༥ ལོའི་བར་སློབ་ཆུང་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་དང་། མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བྱས་པའི་སྐད་གཉིས་སློབ་གསོ་མངོན་དུ་འགྱུར་དགོས་ཞེས་བོད་མི་རིགས་ཀྱི་ངོ་བོ་རིམ་བསྒྱུར་གྱིས་རྩ་སྟོང་འགྲོ་ཐབས་ཀྱི་དམིགས་ཡུལ་ཉག་ཅིག་བཟུང་ཡོད། ཡིན་ནའང་སྲིད་བྱུས་འདིས་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་མང་ཚོགས་ཁྲོད། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་གྱི་མེད་པའི་ཤེས་རྟོགསཤུགས་ཆེན་པོ་སྤེལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་བོད་སྐྱོབ་ལས་རིམ་གྱི་མངོན་འདོད་རྣམས་དངོས་ཐོག་བདེན་འཚོལ་ཡིན་པ་འཛམ་གླིང་ཀུན་གསལ་ཆགས་པ་རེད།
འདིའི་ཐད་རྒྱ་རིགས་སྐུ་ཞབས་ཁྲེན་ཝུས་ཅན་ནས་དགོད་བྲོ་བའི་མཚར་གཏམ་ཞིག་གསུངས་འདུག། དེ་ནི་ངང་ལག་གི་མི་ཞེས་པ་དེ་རེད། ངས་བསམ་བློ་ལྟར་བྱས་ན། རྐང་ལག་བྲལ་བའི་ངང་ལག་གི་གཟུགས་ཅན་ཞིག་ནམ་ཡང་འགྲེངས་ཚུགས་སུ་གནས་མི་ཐུབ་པ་ལྟར། བོད་མི་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པ། ངང་ལག་གི་མི་མང་པོ་གསོ་སྐྱོང་བྱེད་ཀྱི་འདུག་པ་ཁོང་གིས་མཚར་གཏམ་དང་སྦྲགས་ནས་ཉེན་བརྡ་བཏང་བ་རེད། སེམས་ཀྱི་ཚོར་ཤེས་དང་ཡང་ན་ཤ་ཁྲག་གི་རྒྱུན་ཙམ་ལ་བརྟེན་དགོས་པའི་མི་རིགས་ཤིག་དང་མི་རབས་ཤིག་བྱུང་དུས། མི་རིགས་དེ་འཇིགས་ཟིན་པར་བསྒྲགས་མི་ཆོག་པ་གང་ཡང་མེད།
ལོ་རྒྱུས་ཀྱི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་རྒྱུན་ཤེས་འདི་དག་ལ་བརྟེན་ནས་བཙན་བྱོལ་གཞུང་གིས་རང་སྐྱོང་གི་བསམ་འཆར་འགྲེལ་བརྗོད་དང་བཅས་པ་རྒྱ་ནག་ལ་སྤྲད་པ་ནི། རྒྱ་ནག་ནང་འབྱུང་རྒྱུའི་གནད་དོན་འདི་དང་འདི་ལྟ་བུའི་ལུང་བསྟན་དང་། ཡང་ན་སེལ་ཐབས་ཀྱི་ལམ་སྟོན་གཉིས་ཀ་ཡིན་པ་གསལ་བོ་ཆགས་བཞིན་པ་རེད། བོད་མིའི་མངོན་འདོད་དེ་བོད་ཀྱི་ལེགས་བྱང་། སྐད་ཡིག རིག་གནས། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཉག་ཅིག་ཡིན་ཞིང་། ནང་དོན་རིག་པའི་རབ་ཏུ་ཕྱུག་པའི་རིན་ཐང་དེ་བོད་ཀྱི་རིག་གཞུང་གི་དཀྱིལ་སྙིང་དུ་གྱུར་ཡོད་པ་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན་པས། ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཚང་མ་ཕར་བཅའ་ཁྲིམས་ལ་ལྟོས་ཏེ་བཟོ་བཅོས་ཡོང་རེ་བྱེད་པ་ནི་དངོས་དོན་མ་རྟོགས་པའི་འོལ་ཚོད་རང་རེད། དཔེར་ན། རབ་ཏུ་བྱུང་དེ་སྡོམ་པ་ལེན་པའང་ཆོས་ཀྱི་བྱེད་སྒོ་ཡིན་ལ། རབ་བྱུང་བས་བཅས་པར་འགལ་བ་ཞིག་བཅའ་ཁྲིམས་ཀྱིས་དབང་བསྐུར་ཡོད་ཀྱང་བྱེད་ཐབས་མེད་པ་ཞིག་རེད། དེ་ནི་གཉེན་སྒྲིག་མི་ཆོག་པ་ལྟ་བུ་ཡིན། ད་དུང་ལོ་རྒྱུས་རང་བཞིན་ཅན་དང་། ཆོས་ཀྱི་ནང་དོན་གཙོ་བོ་དང་འབྲེལ་བའི་ཆོས་ཀྱི་བྱེད་སྒོ་ཚང་མ་བཅའ་ཁྲིམས་ཀྱིས་ནམ་ཡང་བསྒྱུར་བཅོས་གཏོང་ཐབས་ཡོད་པ་མ་རེད། དཔེར་ན། ༸རྒྱལ་པཎ་རྣམ་གཉིས་ཀྱི་ཡང་སྲིད་ངོས་འཛིན་གནང་སྲོལ་ལྟ་བུ་རེད།
གོས་དཀར་ལྕང་ལོ་ཅན་དང་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་ཅན་དུ་བྱེད་པའི་ནང་དོན་རིག་གནས་ཀྱི་ཚབ་མཚོན་ལྟ་བུ་ཞིག་ཡིན་ལ། དེ་ལ་ལོ་རྒྱུས་རིང་པོ་རིང་པོ་ཡོད་པ་མ་ཟད། རྣམ་དཔྱོད་ཀྱིས་རྒྱས་བཏབ་པའི་ཁྲིམས་དང་ལམ་སྲོལ་མང་པོ་ཡོད་པ་ཚང་མ་ཆོས་ཀྱི་བྱེད་སྒོ་ཁོ་ན་ཡིན། དཔེར་ན། སྡོམ་པ་ཞུ་བ། དབང་བསྐུར་རྗེས་གནང་། མཚན་ཉིད་རིག་པའི་ལམ་ནས་འཆད་ཉན་རྣལ་མིན་བྱེད་པ། སྒོམ་སྒྲུབ་བསྙེན་མཚམས་བསྡམས་པ། ཚོགས་མཆོད་འཚོགས་པ། བླ་མའི་ཞབས་བརྟན་སྒྲུབ་པ། ཆོས་ཀྱི་སྲུང་མར་འཕྲིན་བཅོལ་བྱེད་པ། ཟན་རིན་བསྒྲིལ་བ་དང་ལུང་བརྟག་ཞུས་ཏེ་ཡང་སྲིད་ངོས་འཛིན་བྱེད་པ་སོགས་ཆོས་ཕྱོགས་ཀྱི་དོན་ཆེན་ཐག་གཅོད་བྱེད་སྲོལ་ཚང་མ་བསྟན་པ་དེ་འཛིན་ཁོ་ནར་དབང་བ་དང་། གཞུང་དོན་དང་མཐུན་པ། བསྟན་པའི་རྗེས་འཇུག་པར་དམིགས་བསལ་གྱིས་འཁྲི་བའམ་དེས་གནང་དགོས་པའི་བྱེད་སྒོ་ཉག་གཅིག་ཡིན། འོ་ན། བྱེད་སྒོ་འདི་དག་གིས་བཅའ་ཁྲིམས་ལ་ཕར་ལྟ་རྒྱུ་ནི་ཡོང་ཐབས་བྲལ་ཞིང་། དེ་བས་དོན་དངོས་རང་བཞིན་དང་། བདེན་དོན་རང་བཞིན་ལ་གཞིགས་ཏེ་བཅའ་ཁྲིམས་ཀྱིས་ཚུར་གཟིགས་དགོས་པ་མ་ཟད། བཅའ་ཁྲིམས་ཀྱི་ས་བོན་ཡང་ཆགས་དགོས།
སད་མི་མི་བདུན་རབ་ཏུ་བྱུང་ནས་སམ་ཡང་ན་རྗེ་འབངས་ཉེར་ལྔ་ནས་གོས་དཀར་ལྕང་ལོ་འཆང་བའི་སྡེ་དར་ནས་བཟུང་ལོ་རྒྱུས་ནང་ཆོས་ཕྱོགས་ཀྱི་ནང་ཁུལ་དོན་གནད་ཐད་སྲིད་གཞུང་གིས་སྟངས་འཛིན་བྱེད་མི་ཐུབ་པའི་ཉམས་མྱོང་ཚང་མར་མངོན་སུམ་དུ་གྱུར་ཡོད། བཙན་བྱོལ་གཞུང་གིས་རང་སྲིད་རང་སྐྱོང་གི་བསམ་འཆར་ནང་ཆོས་ཀྱི་སྒྲིག་འཛུགས་དང་སྲིད་ཀྱི་སྒྲིག་འཛུགས་ཁ་ཁར་དབྱེ་འདོད་འཁོད་པ་དེ་ནི། ཆོས་ལུགས་སྲུང་སྐྱོབ་ཐད་སྤྱི་ཡོངས་ཀྱི་འགན་ཁུར་དགོས་པ་ཙམ་ལས། དེའི་བྱེད་སྒོ་ཚང་མས་བཅའ་ཁྲིམས་ལ་ལྟོས་ཆོག་པའི་ཚིག་ཙམ་ཡང་གསུངས་མི་འདུག་པ་དེ་ཡང་གནད་དོན་འདིའི་སྒྲུབ་བྱེད་དུ་འགྲོ་ལ། དེ་ནི་ཆོས་གཞུང་རང་གི་གཏན་འབེབས་ལ་ཁྲིམས་འཆར་ལྟར་བཟོ་བཅོས་རྒྱག་ཆོག་པར་སེམས་པ་ནི་གཞུང་ལུགས་ལ་ཤིན་དུ་ནས་རྨོངས་བས་རེད། མ་ཟད་ཉིན་གཅིག་སྐུ་ཞབས་ལིའུ་པིང་ལྟ་བུས་བོད་མི་རིགས་ཀྱི་ཚབ་མཚོན་དུ་གྱུར་བའི་རྒྱུ་འབྲས་དྲང་སྲོལ་གྱི་ཞགས་རྩི་དེའང་བཅའ་ཁྲིམས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་བརྩི་དགོས་པ་རེད་ཅེས་གསུངས་མི་སྲིད་པ་ཅི་ལ་ཡོད། དེའི་ཕྱིར་ཨ་རིའི་སྲིད་འཛིན་ཨའོ་པ་མས་གཞུང་ལུགས་ལ་རྨོངས་པའི་གྱ་ཚོམ་པའི་ལབ་བརྡོལ་དག་ནི་དུས་གཏན་ཏུ་དགོད་བྲོ་བ་ཞིག་ཡིན་གསུངས་བ་དེ་ཐུགས་ཤིན་ཏུ་བདེན་པ་རེད་བསམ་གྱི་འདུག
ལན་འདེབས་ཨང་། ༠༠༡༠།