༢༠༡༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༥ ནས་ཟླ་ ༡༢ ཚེས་ ༨ བར་ཉིན་བཅུ་བཞིའི་རིང་ཤེས་རིག་ལས་ཁུངས་ནས་ཝ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མགོན་མེད་ཟས་སྦྱིན་གྱི་མགྲོན་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་གྲངས་ ༣༥ ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཝ་ཎཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོ་བློ་བཟང་བསྟན་འཛིན་ལགས་དང་རྒྱ་གཞུང་སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་ཕེབས་ཡོད། ཟབ་སྦྱོང་དེའི་རིང་ཝ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་པོ་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་། སངས་རྒྱས་ཀྱི་ཆོས་ཚུལ་ནང་དད་པ་དང་ཡིད་ཆེས་ཀྱི་སྒོ་ནས་ཉམས་ལེན་བྱ་རྒྱུའི་སྡེ་ཚན་ (Buddhist Faith) དང་། ལྟ་བ་དང་གྲུབ་མཐའི་རྣམ་བཞག་གི་སྡེ་ཚན་ (Buddhist Philosophy)དང། ནང་ཆོས་ཀྱི་ཚན་རིག་ (Buddhist Science) བཅས་གསུམ་གྱི་སྐོར་སློབ་ཁྲིད་གནང་རྒྱུ་དང་། ཤེས་རིག་དྲུང་ཆེ་ནས་ཆོས་དགེའི་བྱེད་སྒོ་ལམ་སྟོན་སྐོར་སློབ་ཁྲིད་གནང་རྒྱུ་། ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ནས་ནང་ཆོས་ཁྲིད་ཐབས་སྐོར་སློབ་ཁྲིད་གནང་རྒྱུ་། ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་ལགས་ནས་ནང་ཆོས་ནས་གསུངས་པའི་ས་ལམ་རྣམ་གཞག་སྐོར་སློབ་ཁྲིད་གནང་རྒྱུ་། ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་རབས་མཁས་དབང་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་ཆོས་འབྱུང་སྐོར་སློབ་ཁྲིད་གནང་རྒྱུ། སློབ་དཔོན་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ལགས་ནས་རིགས་ལམ། སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ནས་ནང་ཆོས་དང་ཚན་རིག་འབྲེལ་ལམ་སྐོར་དང་། སློབ་ཚན་གཞན་ལ་རིཌ་ལམ་གྱིས་ཕན་གྲོཌ་ཡོང་ཐབས། སློབ་མར་ནང་ཆོས་ངོ་སྤྲོད་གནང་ཐབས་བཅས་དང་། ཆོས་དགེ་ནང་ཁུལ་རིགས་ལམ་དང་ནང་ཆོས་སོགས་ཚོགས་ཆུང་ཆ་བགོས་ཀྱི་སློབ་ཁྲིད་ཉམས་མྱོང་སྤེལ་རྒྱུ། སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་གནད་སྨིན་ཡོང་ཐབས་བཅས་གོ་བསྡུར་ཞུ་རྒྱུའི་འཆར་འགོད་གཏན་འབེབས་ཞུས་ཡོད་པ་རྣམས་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་མཛད་སྒོའི་ཐོག་མར་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་ཀྱི་གསུང་བཤད་གནང། དེ་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གྲྭ་ཁག་གི་ཆོས་དགེ་རྣམ་པ་སོ་སོའི་མཚན་དང་སློབ་གྲྭ ཉམས་མྱོང་ཕན་ཚུན་ངོ་སྤྲོད་གནང། དེ་ནས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ལགས་ཀྱི་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་དང་། ཕྱི་དངོས་པོའི་ཤེས་ཡོན་ལས་ལྷག་པ་ནང་གི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་གལ་ཆེ་ཡིན་པར་བརྟེན་ཆོས་དགེ་ཚོའི་ལས་འགན་ལས་ལྷག་པ་ཞིག་མེད་པ་དང་། སྒྲ་ཚད་གཉིས་ནི་གསུང་རབ་སྤྱིའི་དགོངས་འགྲེལ་ཡིན་པས་༸གོང་ས་མཆོག་གི་དགོངས་བཞེད་ལྟར་སློབ་མ་རྣམས་ལ་རིགས་ལམ་སློབ་ཁྲིད་ཐད་ལ་ཤུགས་སྣོན་བསྐྱོན་དགོས་པ་དང་། སློབ་མའི་གནས་ཚད་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་གང་ལ་གང་དགོས་བསྟེན་དགོས་པ་སོགས་ཞིབ་ཕྲའི་ལམ་སྟོན་གསུང་བཤད་གནང་། དེ་རྗེས་ཤེས་རིག་དྲུང་ལས་སྐལ་བཟང་རིན་ཆེན་ལགས་ནས་སྐུ་མགྲོན་གཙོ་བོ་མཆོག་དང་སློབ་ཁྲིད་གནང་མཁན། གཞན་ཡང་ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་ནས་ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་ལས་དོན་མཐའ་དག་ལ་མཐུན་འགྱུར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་། ཐེངས་འདིའི་ཟབ་སྦྱོང་ནང་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ཆོས་དགེ་ ༨ དང་མ་སུ་རི་བོད་ཁྱིམ་སློབ་གྲ་ཁག་ནས་ཆོས་དགེ་ ༢ སམ་བྷོ་ཊ་བོད་སློབ་ཁྱབ་ཁོངས་ནས་ཆོས་དགེ་ ༦ བོད་སློབ་འཛིན་ཚོགས་ནས་ ༡༧ བལ་ཡུལ་ནས་ཆོས་དགེ་གྲངས་ ༢ བཅས་ཁྱོན་ཆོས་དགེ་གྲངས་ ༣༥ ཐམ་པ་ཆེད་བཅར་གནང་ཡོད་པ་བཅས།།
གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་ཟབ་སྦྱོང་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།