༢༠༡༠ ཟླ་ ༡༡ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༨ ཀྱི་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་ཉི་ཧོང་གི་གྲོང་ཁྱེར་སྣ་རའི་ནང་རྟེན་གཞི་བྱས་པའི་ཐོའུ་རྡའི་ཇེའི་ལྷ་ཁང་གི་རྒྱབ་ངོས་སུ་ཡོད་པའི་སྤང་ལྗོངས་ཡིད་དུ་འོང་བའི་ཐང་ཆེན་དུ་མང་ཚོགས་ཁྱོན་མི་གྲངས་ ༣༠༠༠ ཙམ་ལ་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ལོ་རྒྱུས་ཡོད་མཁན་དང། འགྲོ་བ་སེམས་ཅན་སུ་ཡིན་ཡང་ཕན་པ་དང་ཞི་བདེ་ཡོང་བའི་སྨོན་ལམ་བརྒྱབ། དེ་བཞིན་ཆོས་ལུགས་ཚང་མ་འདྲ་མཉམ་བརྩི་ས་དེ་འདྲའི་ནང་པའི་ལྷ་ཁང་ཞིག་གི་འགྲམ་དུ་དེ་རིང་ཁྱེད་རང་ཚོ་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། གྲ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནང་པའི་ལྷ་ཁང་འདི་རིས་མེད་ཀྱིས་སྨོན་ལམ་རྒྱག་ས་ཞིག་ཡིན།དེ་རིང་འདིར་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ། རྒྱུ་ཡོད་མེད། ཤེས་ཡོན་ཡོད་མེད་སོགས་ཀྱི་ཁྱད་པར་གང་ཡང་མེད་པར་ངོས་ཀྱིས་གཞི་རྩའི་འགྲོ་བ་མིའི་རིམ་པའི་ཐོག་ནས་བཀའ་མོལ་ཞུ་གི་ཡོད། གཞི་རྩའི་འགྲོ་བ་མིའི་རིམ་པའི་སྒང་ནས་བཤད་ན་ང་ཚོ་ཚང་མ་བསམ་བློ་དང་ཀུན་རྟོགས་སམ་སེམས་ཚོར་འདྲ་མིན་ཡོད་པ་དེ་ཡང་ང་ཚོ་ཚང་མ་གཅིག་པ་རེད། དཔེར་ན། ལུས་ཀྱི་ཀླད་པའི་འགྲོ་སྟངས་དེ་དག་གཅིག་པ་ཆགས་ཡོད་པས་ང་ཚོ་ཚང་མ་དབྱེ་བ་གང་ཡང་མེད། མིས་མི་ལ་སྐད་ཆ་ཤོད་ཀྱི་ཡོད། མི་སུ་དང་སུ་ཡིན་ནའང་བདེ་བ་འདོད་པ་དང་སྡུག་སྔལ་མི་འདོད་པ་གཅིག་པ་རེད། དེ་བཞིན་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན་པ་དེར་དབྱེ་བ་གང་ཡང་མེད། ངོས་ཀྱིས་ཁྱེད་རྣམ་པར་སྐད་ཆ་ཤོད་སྐབས་ངོས་རང་ནང་པ་ཞིག་ཡིན་བསམ་ཏེ་ནང་པ་ཡིན་པའི་ཆ་དེ་གཙོ་བོར་བརྩིས་ཏེ་སྐད་ཆ་བཤད་ན་ཚོར་བ་མི་འདྲ་བ་ཞིག་བསླེབ་ཀྱི་རེད། དེ་བཞིན་ཁྱེད་རྣམ་པ་སྐད་ཆ་ཉན་མཁན་ཚོས་ནང་པ་ཞིག་གི་སྐད་ཆ་ཉན་གྱི་ཡོད་བསམ་ན། ཚོར་བ་མི་འདྲ་བ་ཞིག་ཡོང་གི་རེད། ཡང་ན་དེ་རིང་སྐད་ཆ་ཤོད་མཁན་དེ་བོད་པ་ཞིག་རེད། ང་ཚོ་ཉི་ཧོང་པ་ཞིག་ཡིན་བསམ་ན་ཚོར་བ་མི་འདྲ་བ་ཞིག་བསླེབ་ཀྱི་རེད། དེར་བརྟེན་ང་ཚོ་ཚང་མ་མི་གཅིག་པ་ཡིན་བསམ་དྲན་ནས་ཉན་དགོས། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཐོག་ནས་བཤད་ན་ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བཟོས་པ་གཅིག་མཚུངས་རེད། ཡང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན་ང་ཚོ་ཚང་མ་ཉོན་མོངས་དུག་གསུམ་གྱིས་གཞན་དབང་དུ་ཡོད་པ་གཅིག་པ་ཆགས་ཡོད། དེར་བརྟེན་ངོས་རང་ས་ཆ་གང་དུ་བསླེབས་ནའང་འདྲ། མི་སུ་དང་སྐད་ཆ་བཤད་པ་ཡིན་ནའང་མི་གཅིག་གིས་མི་གཅིག་ལ་སྐད་ཆ་ཤོད་ཀྱི་ཡོད་བསམ་པ་དྲན་གྱི་ཡོད། ངོས་ཀྱི་སྐད་ཆ་ཉན་མཁན་ནང་ལ་རིགས་འགའ་ཤས་ཀྱི་བསམ་བློའི་ནང་ཏཱ་ལའི་བླ་མ་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་བསམ་པ་དེ་འདྲ་དྲན་མཁན་ཡོད། དེ་ནོར་འཁྲུལ་རེད། ཡང་རིགས་འགའ་ཤས་ཀྱི་ཏཱ་ལའི་བླ་མ་ལ་ (healing Power) རམ་ནད་བཅོས་རྒྱུའི་ནུས་པ་ཡོད་ཟེར་མཁན་དེ་འདྲའང་ཡོང་གི་ཡོད། ནད་བཅོས་རྒྱུའི་ནུས་པ་ཟེར་བ་དེར་ངོས་རང་ཡིད་ཆེས་མེད། དངོས་གནས་ནད་བཅོས་རྒྱུའི་ནུས་པ་ཡོད་མཁན་ཞིག་ཡིན་ན་ངོས་ཀྱི་མིད་པ་མི་བདེ་བ་འདི་ཡོང་གི་མ་རེད། དེར་བརྟེན་ང་ཚོ་མི་གཅིག་གིས་གཅིག་ལ་སྐད་ཆ་ཉན་བཤད་བྱེད་ཀྱི་ཡོད་བསམ་པ་དྲན་རོགས། དེ་རིང་འདིར་སློབ་གྲྭའི་ཕྲུ་གུ་ཁག་གཅིག་བསླེབས་འདུག ཁྱེད་རང་ཚོ་ངོས་དང་བསྡུར་ན་ལོའི་ཆ་ནས་ཁྱད་པར་ཆེན་པོ་ཡོད། ངོས་རང་རྒན་འཁོགས་རེད། ཁྱེད་རང་ཚོ་གཞོན་གཞོན་རེད། ཡིན་ནའང་ངོས་རང་ཡང་གཞོན་གཞོན་བྱས་ནས་ཡོང་བ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཡང་གཞོན་གཞོན་སྐབས་འཚུབ་པོ་ཡོད་ཀྱི་རེད། ངོས་རང་ཡང་གཞོན་སྐྱེས་སྐབས་འཚུབ་པོ་ཡོད། སློབ་སྦྱོང་དང་རྩེད་མོ་གཉིས་ནས་རྩེད་མོར་དགའ་བ་ཡོད། ངོས་རང་ལོ་གཞོན་པའི་སྐབས་སློབ་སྦྱོང་བྱ་རྒྱུའི་དུས་ཚོད་ཡག་ཤོས་དེ་ཕལ་ཆེར་ངོས་རང་ལོ་བཅུ་དང་ཅོ་ལྔའི་བར་རེད། སྐབས་དེར་ངོས་ཀྱིས་ལེ་ལོ་བྱས་པ་དེར་དེ་རིང་སང་གཞི་ནས་བློ་འགྱོད་ཡོང་གི་འདུག་པས་ཁྱེད་ཚོས་ད་ལྟ་སློབ་སྦྱོང་བྱ་རྒྱུའི་དུས་ཚོད་དེར་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་དུང་ངོས་ཀྱིས་གཞོན་སྐྱེས་ཚོར་བརྗོད་རྒྱུ་གཅིག་ཡོད། ད་ཆ་ངོས་རང་ལོ་ན་ ༧༥ བརྒལ་ཚར་བ་ཞིག་རེད། ངོས་དང་ལོ་ཚད་མཉམ་པ་རྣམས་དུས་རབས་ ༢༠ པར་གཏོགས་པ་རེད། ཁྱེད་རང་ཚོ་གཞོན་སྐྱེས་ཚོ་དུས་རབས་ ༢༡ གི་མི་རེད། དེར་བརྟེན་དུས་རབས་ ༢༠ རྫོགས་ཟིན་པ་རེད། དུས་རབས་ ༢༡ ནས་ལོ་བཅུ་ཙམ་ལས་ཕྱིན་མེད། ལོ་ ༩༠ ཙམ་ད་དུང་ལྷག་ཡོད་པས་དུས་རབས་ ༢༡ པ་དེ་གང་འདྲ་ཡོང་མིན་དེ་ཁྱེད་ཚོ་གཞོན་སྐྱེས་ཚོར་འགན་ཡོད། དུས་རབས་ ༢༠ འདས་ཟིན་པ་དེ་དུས་རབས་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། མིའི་ལོ་རྒྱུས་ནང་ལ་དུས་རབས་གལ་ཆེ་ཤོས་ཤིག་རྩིས་ཆོག་པ་རེད། གང་ཡིན་ཟེར་ན་དངོས་པོ་དང་ཚན་རིག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། འོན་ཀྱང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་མང་ཤོས་བྱུང་བའི་དུས་རབས་ཤིག་ཆགས་ཡོད། ལོ་རྒྱུས་སྨྲ་བ་ཚོས་བརྗོད་པར་གཞིགས་ན་དུས་རབས་ ༢༠ ནང་དམག་དང་འཚེ་བའི་ཐོག་ནས་མི་ས་ཡ་ ༢༠༠ ལྷག་ཙམ་སྐྱེན་འདས་སུ་གྱུར་ཡོད་པ་བརྗོད་ཀྱི་ཡོད། དུས་རབས་ ༢༠ པའི་དམག་འཁྲུག་དེ་འདྲ་བྱུང་བ་དེས་མིའི་དཀའ་ངལ་སེལ་ཐུབ་མེད། དམག་འཁྲུག་བརྒྱབ་སྟེ་མི་མང་པོ་ཞིག་ཤི་བ་དང་སྡུག་བསྔལ་ཚད་མེད་མྱངས་ཡོད་ནའང་། རྙོག་གྲ་མུ་མཐུད་ནས་གནས་ཡོད། དེར་བརྟེན་དམག་འཁྲུག་བརྒྱབ་སྟེ་དཀའ་ངལ་སེལ་རྒྱུ་ཁག་པོ་རེད། དཀའ་ངལ་སེལ་རྒྱུ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སེམས་ནང་མཛའ་བརྩེའི་བློ་དང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་བསམ་པ། འཛམ་གླིང་འདིའི་སྟེང་མི་གྲངས་དུང་ཕྱུར་ ༦༨ ཙམ་ཡོད་པ་ཚང་མ་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་དེ་འདྲ་ཞིག་གི་ཐོག་ནས་གཅིག་གིས་གཅིག་ལ་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་གྲོས་མོལ་བྱས་ནས་གཉིས་ཕན་ཡོང་རྒྱུའི་ཐབས་ཤས་ཀྱིས་ཐོག་ནས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེ་མ་གཏོགས་མེད། དེར་བརྟེན་ང་ཚོ་དུས་རབས་ ༢༡ འདི་ཞི་བདེའི་དུས་རབས་ཤིག་དང་ཞི་བདེ་ཡོང་བ་དེ་ཡང་སྨོན་ལམ་བརྒྱབ་སྟེ་ཡོང་ཐབས་མེད། ཞི་བདེ་ཡོང་རྒྱུ་དེ་དཀའ་ངལ་འཕྲད་སྐབས་སྟོབས་ཤུགས་བེད་སྤྱོད་མ་བྱས་པར་རྒྱུ་མཚན་ལྡན་པའི་ཐོག་ནས་གཉིས་མོས་ཀྱི་སྐད་ཆ་བཤད་དེ་དཀའ་ངལ་སེལ་རྒྱུའི་བསམ་བློ་གཏོང་དགོས་པ་ཡིན། དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡོང་རྒྱུར་ང་ཚོས་བསམ་བློ་གཏོང་དགོས། ངོས་ཀྱིས་རྟག་པར་འདི་འདྲ་ཤོད་ཀྱི་ཡོད། དུས་རབས་ ༢༡ པ་འདི་ཞི་བདེ་དང་གྲོས་མོལ་བྱ་རྒྱུའི་དུས་རབས་ཤིག་བཟོ་རྒྱུར་སྤྱིར་ང་ཚོ་མི་ཚང་མ་དང་ལྷག་པར་ཁྱེད་ཚོ་གཞོན་སྐྱེས་ཚོའི་སེམས་ནང་འཆར་སྣང་གསལ་པོ་ཞིག་དགོས། ངོས་ཀྱིས་ཁྱེད་ཚོར་སྐད་ཆ་ཞིག་འདྲི་རྒྱུ་ཡིན། མིའི་དཀའ་ངལ་དེ་དག་འཁྲུག་པ་བརྒྱབ་སྟེ་སེལ་ཐུབ་བམ། དེང་སང་འཛམ་གླིང་ས་གནས་གང་སར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སྟོབས་ཤུགས་ཀྱིས་སེལ་མི་ཐུབ་པ་དེ་གསལ་པོ་ཡིན་པ་དུས་རབས་ ༢༠ པའི་ཉམས་མྱོང་བྱུང་བ་ལས་གསལ་བཤད་ཐུབ། དེ་བཞིན་དུས་རབས་འདིའི་ནང་ལའང་དཀའ་ངལ་དེ་དག་དྲག་ཤུགས་ཀྱིས་སེལ་མི་ཐུབ་པ་གསལ་སྟོན་བྱས་ཡོད། དྲག་ཤུགས་བེད་སྤྱོད་བྱས་པའི་ཉེར་ལེན་གྱི་འཚེ་བ་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན། སྐབས་ཤིག་ལ་ཨ་རིའི་ནང་ ༩།༡༡ དོན་རྐྱེན་དེ་བྱུང་སྐབས་གསར་འགོད་པ་ཁག་གཅིག་གིས་ངོས་ལ་དྲི་བ་བཏང་བར་ངོས་ཀྱིས་དཀའ་ངལ་དེ་དག་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་སེལ་དགོས་པ་བརྗོད་རྒྱུ་བྱུང་། དོན་རྐྱེན་དེ་བྱུང་རྗེས་སང་ཉིན་དེར་ངོས་ཀྱིས་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་ལ་ཡི་གེ་ཞིག་བཏང་སྟེ་དོན་རྐྱེན་དེའི་འོག་ཚེ་འདས་ཕྱིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུས་པ་དང་སྦྲགས་འཚེ་བའི་བྱ་སྤྱོད་དེར་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་ཐབས་ཤེས་འཚོལ་རྒྱུའི་རེ་བ་ཡོད་ཚུལ་ཞུ་རྒྱུ་བྱུང་། གང་ཡིན་བརྗོོད་ན། ངོས་དང་སྲིད་འཛིན་བྷུ་ཤུ་མཆོག་ངོ་ཤེས་ཡག་པོ་ཞིག་ཡིན་པ་མ་ཟད། ངེད་གཉིས་སེམས་ཐག་ཉེ་པོ་ཡོད། དོན་རྐྱེན་དེ་བྱུང་རྗེས་མང་པོ་ཞིག་ལ་ངོས་ཀྱིས་གལ་ཏེ་ང་ཚོས་དཀའ་ངལ་དེ་དག་འཚེ་བའི་ལམ་ནས་སེལ་ཐབས་བྱས་ཚེ་དེ་རིང་བྷིན་ལ་ཌེན་གཅིག་ཡོད་པ་དེ་ལོ་འགའ་ཤས་རྗེས་བྷིན་ལ་ཌེན་བཅུ་ཡོང་རྒྱུ་རེད། གང་ཡིན་ཟེར་ན། འཚེ་བའི་ལས་ཀྱིས་སྡང་སེམས་ཤུགས་ཆེ་བཟོ་གི་ཡོད། འཚེ་བ་དེ་ཁོང་ཁྲོ་དང་ཞེ་སྡང་གི་ཉེར་ལེན་ལས་བྱུང་བ་ཞིག་རེད། ལྷག་པར་འཇིགས་སྐུལ་རིང་ལུགས་པ་དེ་དག་ག་ནས་ཡོང་མིན་དངོས་གསལ་གང་ཡང་མེད། སྔ་མོ་དམག་འཁྲུག་གི་དུས་སྐབས་སུ་རང་གི་དགྲ་བོ་དེ་དངོས་གསལ་དོད་པོ་ཡོད། འོན་ཀྱང་ད་ཆ་འཇིགས་སྐུལ་རིང་ལུགས་པ་ཚོ་དངོས་གསལ་གང་ཡང་མེད། དེར་བརྟེན་དཀའ་ངལ་ཧ་ཅང་ཆེན་པོ་ཡིན། དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡོད་པ་དེ་གྲོས་མོལ་བྱེད་རྒྱུ་ཡིན། དངོས་ཡོད་གནས་ཚུལ་གཞིར་བཞག་ཐོག་བལྟས་ཚེ་མེ་མདའི་ནུས་པ་དང་སྟོབས་ཤུགས་ཟེར་བ་དེ་དུས་ཚོད་ཡོལ་ཟིན། གྲོས་མོལ་དང་རྒྱུ་མཚན་ཁོ་ནར་གཞི་བཅོལ་བའི་ཐབས་ལམ་དེ་ལས་གཞན་ཐབས་ལམ་མེད། ཟླ་བ་འགའ་ཤས་སྔོན་ཙམ་ལ་ངོས་ཀྱིས་བྷི་བྷི་སི་གསར་འགྱུར་ནང་བདེན་པའི་ནུས་པ་དང་བྱམས་བརྩེའི་ནུས་པ། དྲག་པོའི་ནུས་པ། མེ་མདའི་ནུས་པ་སོགས་ཀྱི་སྐོར་བགྲོ་གླེང་བྱས་ཡོད། མེ་མདའི་ནུས་པ་དེ་གནས་སྐབས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་པོ་ཡོད་ཀྱང་ཕུགས་ལ་ཕན་ཐོགས་མེད། གདོད་མའི་སྤྱི་ཚོགས་ཡིན་ན་དབང་ཤུགས་བེད་སྤྱོད་ཡོད་ཀྱང་ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། དེར་བརྟེན་དཀའ་ངལ་དེ་དག་དྲག་པོའི་ལམ་ནས་སེལ་རྒྱུ་དེ་རྒྱུ་མཚན་དང་མི་འཚམས་པ་ཆགས་ཡོད། རྒྱུ་མཚན་དང་མི་འཚམས་པའི་ཐབས་ལམ་དེས་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་སྤྲོད་མི་ཐུབ། གནས་སྟངས་དེ་གསལ་པོ་ཞེ་དྲག་རེད། གཞན་ལ་འཚེ་བ་བྱེད་དགོས་བསམ་ནའང་ཐབས་ལམ་དེ་འོས་ཤིང་འཚམས་པ་ཞིག་དགོས། དཔེར་ན། ཁྱེད་ཀྱིས་གཞན་ལ་ལག་པས་གནུན་དགོས་བསམ་ནའང་སེམས་པ་ལྷོད་པོའི་ཐོག་ནས་ཁུ་ཚུར་སྣུན་པ་ཡིན་ན་ཤུགས་ཆེན་པོ་གནུན་མི་ཐུབ། གལ་ཏེ་ཁོང་ཁྲོ་ལང་ཏེ་སོ་སོའི་སེམས་དེ་ཁོང་ཁྲོ་ཤུགས་ཆེ་ལངས་ཏེ་སྨྱོན་པ་ལྟར་ཆགས་ཏེ་གཞན་ལ་སྣུན་ཡང་སྐབས་རེ་སོ་སོ་རང་ཉིད་ལ་ཕོག་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ལྡན་པའི་ཐབས་ལམ་དེ་འཚེ་བ་མེད་པའི་ལམ་ནས་གྲོས་མོལ་བྱ་རྒྱུའི་དེ་རེད། དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་ཆགས་ཟིན་པ་དེར་བསམ་བློ་གཏོང་རོགས། རང་གིས་ཐག་གཅོད་ཇི་འདྲ་ཞིག་བྱས་ཀྱང་སེམས་ཞི་བདེའི་ངང་གནས་པའི་ཐོག་ནས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཐག་གཅོད་བྱེད་དགོས། ཕྱོགས་གཅིག་གི་གནས་སྟངས་ཁོ་ནར་བསམ་བློ་བཏང་སྟེ་ཐག་གཅོད་བྱེད་རྒྱུ་མེད། དངོས་ཡོད་ཀྱི་གནས་ཚུལ་ཆ་ཚང་ལ་གཞིགས་པའི་ཐོག་ནས་ཁྱེད་ཀྱིས་ཐག་གཅོད་བྱས་ཚེ་ཐབས་ལམ་དེ་རྒྱུ་མཚན་ལྡན་པ་ཞིག་ཆགས་རྒྱུ་ཡིན་པསགྲུབ་འབྲས་འདོད་བློ་ཁེངས་པ་ཞིག་ཡོང་རྒྱུ་རེད། དུས་རབས་ ༢༡ འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་རྒྱུ་དེ་གཙོ་བོ་གཞོན་སྐྱེས་ཚོས་ཤུགས་རྒྱག་དགོས། ང་ཚོའི་བསམ་བློའི་ནང་དཀའ་ངལ་ཇི་འདྲ་ཞིག་བྱུང་ཡང་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་ཡོད་བསམ་པའི་བསམ་བློ་དེ་ང་ཚོའི་སེམས་ནང་སྒོམ་དགོས། སེམས་ནང་ག་ལེར་ག་ལེར་གྲོས་མོལ་གྱི་གོམས་གཤིས་དེ་འཇགས་རྒྱུ་གལ་ཆེན་པོ་ཡིན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ ༧༠ མ་ཟིན་ཙམ་ཡོད་པ་ང་ཚོ་ཚང་མས་རྒྱུན་དུ་ང་ཚོ་ཟེར་བའི་འཛམ་གླིང་མི་ཡོངས་རྫོགས་གཅིག་གྱུར་ཡིན་པའི་བསམ་བློ་སྐྱེ་དགོས་པ་ལས་ང་ཚོ་དང་ཁོང་ཚོ་ཟེར་ནས་དབྱེ་བ་ཕྱེ་ནས་ང་ཚོའི་ཁེ་ཕན་དང་ཁོང་ཚོའི་ཁེ་ཕན་ཟེར་བའི་ཐོག་ནས་ཕྱིན་ན། ང་ཚོ་རྒྱལ། ཁོང་ཚོ་ཕམ་ཟེར་བའི་བསམ་བློ་དེ་བསླེབ་ཀྱི་ཡོད། འཛམ་གླིང་ཡོངས་རྫོགས་ཀྱི་མི་རྣམས་ང་ཚོ་ཟེར་བའི་བསམ་བློའི་ནང་བཞག་ཐུབ་ན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་འཁོར་གྱི་མེད། ཁོང་ཚོའི་ཁེ་ཕན་དེར་བསམ་བློ་གཏོང་དགོས་པ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོའི་ཁེ་ཕན་དེ་ཡང་ང་ཚོའི་ཁེ་ཕན་གྱི་ཆ་ཤས་ཡིན། ལྷག་པར་གྲོས་མོལ་ཡོང་རྒྱུའི་རྩ་བ་དེ་འཛམ་གླིང་མི་ཚང་མ་གཅིག་གྱུར་ཡིན་བསམ་པ་དང་། ང་ཚོའི་བདེ་བ་སྡུག་བསྔལ་དང་ཁོང་ཚོའི་བདེ་བ་སྡུག་བསྔལ་འདྲེས་ཏེ་ཡོད་པའི་གནས་སྟངས་དེ་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེང་སང་ཆ་གཞག་ན་ཁོར་ཡུག་དང་དཔལ་འབྱོར་གནས་སྟངས་ཐོག་ས་མཚམས་ཀྱི་སྐད་ཆ་ཤོད་རྒྱུ་མེད། འཛམ་གླིང་གཅིག་གྱུར་གྱི་གནས་སྟངས་ཤིག་ཆགས་ཡོད། སྔ་མོའི་དུས་ཚོད་དང་མི་འདྲ་བ་ཞིག་ཆགས་ཡོད། དེར་བརྟེན་དངོས་ཡོད་གནས་ཚུལ་གྱིས་ང་ཚོར་གང་ཤོད་ཀྱི་ཡོད་ཅེས་བརྗོད་ན་འཛམ་གླིང་ཧྲིལ་པོ་ཡོངས་རྫོགས་དེ་བློ་གཅིག་ཏུ་བལྟས། བདེ་བ་སྡུག་བསྔལ་ཡོངས་རྫོགས་གཅིག་གྱུར་གྱི་བདེ་བ་སྡུགས་བསྔལ་ཐོག་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། གྲོས་མོལ་ཡོང་རྒྱུའི་བསམ་བློའི་རྨང་གཞི་དེ་གཅིག་གྱུར་ཡོང་རྒྱུའི་བསམ་བློ་དེ་ཡིན།
དེ་ནས་རྣམ་དཔྱོད་ཀྱི་ཐོག་ནས་གཅིག་གྱུར་ཡིན་པ་དེ་ཤེས་པ་བྱས། དེ་ནས་ལྷག་བསམ་གྱི་ཐོག་ནས་གཞན་ལ་ཕན་བདེ་སྒྲུབ་རྒྱུའི་བསམ་པ་ཞིག་མ་གཏོགས་གནོད་འཚེ་བྱེད་རྒྱུའི་བསམ་བློ་གཏོང་རྒྱུ་མེད། རྣམ་དཔྱོད་ཀྱི་ཐོག་ནས་ང་ཚོ་ཚང་མ་གཅིག་གྱུར་ཡིན། སོ་སོ་འདོད་ཀྱང་མ་འདོད་ཀྱང་བདེ་སྡུག་ཚང་མ་གཅིག་གྱུར་སྟེང་ལ་འགྲོ་གི་ཡོད་པ་ཡིན་དུས་གཅིག་གྱུར་གྱི་འདུ་ཤེས་འཇོག་དགོས་པ་དེ་ཤེས་རབ་ཀྱི་ཆ་དེ་ཡིན། ཐབས་ཀྱི་ཆ་ནས་དེ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་པ་དེ་གཞན་ལ་བརྩེ་བའི་བློ་སྐྱེས་དགོས་རྒྱུ་དེ་ཐབས་ཀྱི་ཆ་ཡིན། བྱམས་པ་དང་སྙིང་རྗེ། བཟོད་པ། བརྩེ་བ་ཟེར་བ་དེ་ཆོས་ལུགས་ཚང་མའི་ནང་ཤོད་ཀྱི་ཡོད། ལྷག་པར་སངས་རྒྱས་པའི་ཆོས་ཀྱི་ནང་ལ་སྲོག་ཆགས་མཐའ་དག་ལ་བརྩེ་བ་བྱེད་དགོས་པ་དང་འཚེ་བ་མི་བྱེད་པ་དེ་ཤུགས་ཆེན་པོ་གསུངས་ཡོད། ཕན་པའི་བསམ་པ་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན། ཆོས་དད་ཡོད་མཁན་ཚོས་ཆོས་ལུགས་སོ་སོའི་ནང་ལ་བསམ་པ་བཟང་པོ་དང། བྱམས་པ། བརྩེ་བ་བྱེད་དགོས་རྒྱུའི་བསླབ་བྱ་ཡོད་པ་དེ་དག་ངོ་ཐོག་ལག་ལེན་བསྟར་ནས་བསམ་པ་རྣམ་དག་ཐོག་སོ་སོས་སྦྱོང་བརྡར་བྱས་ཚེ་ཞབས་འདེགས་སྒྲུབ་ཐུབ་ངེས་ཡིན། ཆོས་ལུགས་མི་མཐུན་པའི་ཆ་ནས་ཆོས་ལུགས་གཅིག་དང་བདེན་པ་གཅིག་ཟེར་བའི་བསམ་ཚུལ་ཡོང་གི་ཡོད། དེ་མི་སྒེར་སོ་སོས་ཆོས་ཉམས་ལེན་བྱེད་རྒྱུའི་་ཆ་ནས་ཆོས་ལུགས་གཅིག་དང་བདེན་པ་གཅིག་ཟེར་བ་དེ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་བསམ་བློ་བཏང་བ་ཡིན་ན་བདེན་པ་གཅིག་ཆོས་ལུགས་གཅིག་ཟེར་བའི་བསམ་ཚུལ་དེ་དངོས་ཡོད་གནས་ཚུལ་དང་མི་རན་པ་ཆགས་ཡོད། དེར་བརྟེན་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་གང་འདྲ་དགོས་ཟེར་ན་འཛམ་གླིང་སྟེང་ཆོས་ལུགས་མང་པོ་ཡོད་པ་མཐོང་གསལ་རེད། དེ་རིང་ཁ་སེང་ཆགས་པའི་གནས་ཚུལ་ཞིག་མ་རེད། འདས་པའི་དུས་རབས་མང་པོ་ཞིག་གི་རིང་ཆོས་ལུགས་མང་པོ་ཞིག་དར་ཚར་ཡོད། ད་དུང་ཡིན་ནའང་ཆོས་ལུགས་མི་འདྲ་བ་དེ་དག་ཡོད། དེར་བརྟེན་མི་དུ་མ་ཚོགས་པའི་སྤྱི་ཚོགས་ཐོག་ནས་བཤད་ན་ཆོས་ལུགས་དུ་མ་བདེན་པ་དུ་མ་ཟེར་བ་དེ་ཆགས་ཡོད། མི་སྒེར་སོ་སོས་ཉམས་ལེན་བྱེད་རྒྱུར་ཆོས་ལུགས་གཅིག་དང་བདེན་པ་གཅིག་ཟེར་བའི་གནས་སྟངས་ཤིག་ཆགས་ཟིན་པ་དེ་ཁས་མ་ལེན་རང་ལེན་ཡིན། བསམ་བློ་དེར་གཞི་བཅོལ་ནས་ཆོས་ལུགས་མཐུན་སྒྲིལ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྐབས་འདིར་དད་པ་དང་གུས་པ་གཉིས་དབྱེ་བ་འབྱེད་དགོས། སོ་སོའི་ཆོས་ལ་དད་པ་བྱེད། ཆོས་ལུགས་གཞན་ལ་གུས་པ་བྱེད་དགོས། ཆོས་ལུགས་གཞན་གྱིས་མི་གྲངས་ས་ཡ་མང་པོར་སྔ་མོ་ཡིན་ནའང་ཕན་ཡོད། ད་ལྟ་དང་མ་འོངས་པར་ཡང་ཕན་གྱི་རེད། རྒྱུ་མཚན་དེར་བསམ་བློ་བཏང་སྟེ་གུས་ཞབས་ཞུ་དགོས། སངས་རྒྱས་པའི་ཆོས་ཀྱི་ནང་ལ་ཐུན་མོང་མ་ཡིན་པ་གཅིག་ཡོད་དེ་རྟེན་འབྱུང་ཟེར་བ་དེ་ཡིན། རྟེན་ཅིང་འབྲེལ་བར་བྱུང་བ་ཟེར་བ་དེ་ལ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་གྲུབ་མཐའ་བཞི་པོ་ཚང་མས་བརྗོད་པའི་རྒྱུ་དང་འབྲས་བུ་རྟེན་ཅིང་འབྲེལ་བར་བྱུང་བ་ཟེར་བ་དེ་གཅིག་རེད། དེ་ནས་དབུ་མ་པས་གསུངས་པའི་བརྟེན་ནས་བཏགས་པའི་རྟེན་ཅིང་འབྲེལ་བར་བྱུང་ཞེས་གཉིས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ།།