༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་རང་དབང་རྩོམ་སྒྲིག་པས་ཧི་རོ་ཤི་མ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ (Grand Prince Hotel) ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པ་དེ་དབུ་འཛུགས་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་གྲོང་ཁྱེར་ཧི་རོ་ཤི་མའི་ནོ་བྷོ་རི་ཆོ་ཞེས་པའི་སློབ་ཕྲུག་རྣམས་ནས་ཞི་བདེ་ལྷན་ཚོགས་སུ་ཕེབས་མཁན་ཚོར་འཚམས་འདྲི་ཞུས་པ་མ་ཟད། མཛད་སྒོར་ཆེད་ཕེབས་གནང་བའི་སྐུ་མགྲོན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ལ་ཕྱི་ལོ་ ༡༩༤༥ ལོར་གྲོང་ཁྱེར་ཧི་རོ་ཤི་མའི་ནང་རྡུལ་ཕྲན་མཚོན་ཆ་གཡུགས་ཏེ་ལོ་བཅུ་ཙམ་གྱི་རྗེས་སུ་རྡུལ་ཕྲན་མཚོན་ཆའི་དུག་རླངས་འོག་འདས་གྲོངས་ཕྱིན་པའི་བུ་མོ་རང་ལོ་ ༡༢ སོན་པ་ཞིག་གི་དྲན་རྟེན་ཆེད་ཤོག་བུས་བཟོས་པའི་བྱ་ཁྲུང་ཁྲུང་གི་གཟུགས་བརྙན་འབུལ་སྲོལ་ཡོད་པ་ལྟར། སྐབས་དེར་སློབ་ཕྲུག་ཁག་གཅིག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་མགྲོན་ཚོར་གསེར་གྱི་སྡེར་མ་ལས་གྲུབ་པའི་བྱ་ཁྲུང་ཁྲུང་རེ་དང་ཕྱག་རྟགས་རེ་ཕུལ། དེ་རྗེས་སློབ་ཕྲུག་རྣམས་ནས་རེ་བའི་གླུ་གཞས་གཉིས་ཙམ་བཏང་གྲུབ་མཚམས། རྡུལ་ཕྲན་མཚོན་ཆའི་རྐྱེན་ངན་དངོས་སུ་མྱོང་མཁན་ད་ཆ་ལོ་ན་ ༧༠ བརྒལ་བའི་སྐུ་ཞབས་ཨ་ཀི་ཧི་རོ་ཏ་ཀ་ཧ་ཤི་ལགས་ཀྱིས་རྡུལ་ཕྲན་མཚོན་ཆའི་དཀའ་སྡུག་དངོས་སུ་མྱངས་པའི་ལོ་རྒྱུས་རྣམས་མིག་ལ་མཆིལ་ཞག་འཁོར་ནས་གསལ་བཤད་གནང་བ་མ་ཟད། སྐབས་དེར་རྡུལ་ཕྲན་མཚོན་ཆས་ཧི་རོ་ཤི་མའི་མི་མང་ཚོར་གནོད་སྐྱོན་ཇི་འདྲ་བཏང་བའི་གནས་ཚུལ་རྣམས་གྱང་ངོས་སུ་ལག་བྲིས་ཀྱི་རི་མོའི་ལམ་ནས་གསལ་སྟོན
་བྱས་ཡོད། དེ་རྗེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་མགྲོན་རྣམས་རེ་རེ་བཞིན་མང་ཚོགས་ལ་ངོ་སྤྲོད་གནང་གྲུབ་མཚམས་གྲོང་ཁྱེར་ཧི་རོ་ཤི་མའི་སྤྱི་ཁྱབ་པ་སྐུ་ཞབས་ཏ་ཌ་ཏོ་ཤི་ཨ་ཀི་བྷ་མཆོག་དང་རྡུལ་ཕྲན་མཚོན་ཆ་གཉིས་པ་གཡུག་ས་ཉི་ཧོང་གི་གྲོང་ཁྱེར་ན་ག་ས་ཀི་ཡི་འགན་འཛིན་བཅས་ཀྱིས་རིམ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་གསུང་བཤད་གནང་བའི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ངོས་ཀྱིས་དུས་རྒྱུན་སྐད་ཆ་ཤོད་སྐབས་འདིའི་སྐོར་མ་བཤད་པ་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་བརྗོད་ན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན། བསམ་བློ་དང་སེམས་ཚོར་དེ་བཞིན་ང་ཚོ་ཚང་མར་བདེ་བ་འདོད་པ་དང་། བདེ་བ་སྒྲུབ་རྒྱུ་མི་ཚང་མར་ཐོབ་ཐང་ཡོད། ངོས་རང་ཚོགས་འདུ་འདིར་མཉམ་ཞུགས་ཐུབ་པར་ཆེ་མཐོང་ཆེན་པོ་ཐོབ་བྱུང་། དེ་རིང་འདིར་ཕེབས་པའི་ཆོས་གྲོགས་ཕོ་མོ་ཚང་མར་འཚམས་འདྲི་ཡོད། གྲོང་ཁྱེར་ཧི་རོ་ཤི་མའི་ནང་གཏོར་བཤིག་ཚབས་ཆེ་བྱུང་ཡོད། མི་ཚང་མས་རང་གི་སྲོག་ལ་གཅེས་པོ་ཡོད་པ་ཙམ་མ་ཟད་གསོན་པོར་གནས་རྒྱུའི་འདོད་པ་ཡོད། སྐབས་དེར་གློ་བུར་དུ་ནམ་མཁའ་ནས་རྡུལ་ཕྲན་མཚོན་ཆ་གཡུགས་ཡོད། ངོས་རང་གྲོང་ཁྱེར་ཧི་རོ་ཤི་མའི་འགྲེམས་སྟོན་ཁང་དུ་འགྲོ་སྐབས་རྡུལ་ཕྲན་མཚོན་ཆས་གཏོར་བཤིག་བཏང་བའི་པར་རིགས་དངོས་རྫས་དེ་དག་མཐོང་སྐབས་སེམས་ནང་ཧ་ལས་པའི་འཇིགས་སྣང་གི་ཚོར་བ་སྐྱེས་བྱུང་། ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ནང་རྡུལ་ཕྲན་མཚོན་ཆའི་ཉམས་མྱོང་བྱུང་བ་དེ་ཐོག་མ་ཞིག་ཡིན་པ་དང་ངོས་ཀྱིས་ཉམས་མྱོང་དེ་མཐའ་མ་ཞིག་ཆགས་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མཚམས་རེ་རྡུལ་ཕྲན་མཚོན་ཆ་དེ་གཞན་གྱི་གནོད་པ་འགོག་བྱེད་དུ་བེད་སྤྱོད་གཏོང་བཞིན་ཡོད་ནའང་དེས་འཇིགས་སྣང་ཤུགས་ཆེན་པོ་བསྐྲུན་གྱི་ཡོད། གལ་ཏེ་མི་སྨྱོན་པ་ལྟ་བུ་ཞིག་དང་ཡང་ན་སྨྱོན་པ་མིན་པའི་སྤྱིར་བཏང་མི་དཀྱུས་མ་ཞིག་ཡིན་ནའང་སེམས་ཚོར་དྲག་པོས་གཞན་དབང་དུ་འགྱུར་ཚེ་མི་དེར་རྒྱུ་མཚན་ཤོད་ས་མེད་པའི་སྨྱོན་པ་ལྟ་བུ་ཡིན། དེར་བརྟེན་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་རིང་འདིར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་འགའ་ཤས་འཛོམས་ཏེ་ཚོགས་འདུ་ཞིག་ཚོགས་པ་དེས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་མི་ཐུབ། ང་ཚོར་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་དབང་ཆ་གང་ཡང་མེད། འོན་ཀྱང་ང་ཚོ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་མཁན་གྱི་ཆ་ཤས་ཤིག་ཆགས་ཡོད། ང་ཚོས་གང་ཅིའི་ཐད་ནས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུར་འབད་བརྩོན་བྱེད་དགོས། མ་འོངས་པར་དམག་མི་མེད་པའི་འཛམ་བུ་གླིང་ཞིག་བསྐྲུན་རྒྱུའི་འཆར་སྣང་ཞིག་ང་ཚོར་ངེས་པར་དུ་དགོས། འོན་ཀྱང་དེང་སྐབས་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་ཡོད་དུས་གཅིག་བྱས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟངས་འཛིན་འོག་དྲག་པོའི་སྒྲིག་འཛུགས་ཆུང་ཆུང་དེ་འདྲ་ཉར་བ་ལས་རྒྱལ་ཁབ་བྱེ་བྲག་པ་སོ་སོའི་ནང་དྲག་དམག་གཏན་ནས་མེད་པ་ཞིག་དགོས་པ་དེ་ང་ཚོའི་འཆར་སྣང་གཙོ་བོ་དེ་ཆགས་ཡོད། འཆར་སྣང་དེ་ངོས་ཀྱི་མི་ཚེའི་རིང་སྒྲུབ་མ་ཐུབ་ནའང་ང་ཚོའི་མི་རབས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་དང་མི་མང་གང་མང་ལ་གསལ་བཤད་བྱེད་དགོས། དེ་བཞིན་རྡུལ་ཕྲན་མཚོན་ཆའི་རྐྱེན་ངན་དངོས་སུ་མྱོང་མཁན་སྐུ་ཞབས་ཨ་ཀི་ཧི་རོ་ཏ་ཀ་ཧ་ཤིའི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་དེ་འདྲ་བཟོས་ཏེ་འཛམ་བུ་གླིང་གི་སློབ་གྲྭ་ཚང་མའི་ནང་བསྟན་ནས་རྡུལ་ཕྲན་མཚོན་ཆ་ཟེར་བ་དེ་འཇིགས་སྣང་གང་འདྲ་ཡོད་མེད་ཀྱི་གོ་རྟོགས་སྤེལ་དགོས། དེ་ངོས་ཀྱི་བསམ་ཚུལ་ཡིན་ཞེས་བཀའ་སློབ་སྩལ། དེ་རྗེས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག་དང་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག མོ་ཧཱ་མཌ་ཨེལ་བྷ་ར་ཌི་མཆོག བྱང་ཕྱོགས་ཨ་ཡིར་ལེན་ཌིའི་ལྕམ་སྐུ་མ་གུ་རི་མཆོག་བཅས་ཀྱིས་རིམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཉིན་དང་པོ་དེ་ཚོགས་ཐེངས་གསུམ་དུ་ཆ་བགོས་བྱས་ཡོད། ཚོགས་ཐེངས་གསུམ་པའི་སྐབས་༸གོང་ས་མཆོག་དང་ཨ་རིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་སི་མཆོག ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག ལེག་ཝ་ལེ་ས་མཆོག་བཅས་ལྷན་ཞུགས་མཛད་ཡོད། སྐབས་དེར་སློབ་ཕྲུག་དང་མང་ཚོགས་རྣམས་ནས་དྲི་བ་ཕུལ་བ་ཁག་གཅིག་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཡང་སྩལ་ཡོད་པ་བཅས།།