༢༠༡༠ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༦ ནས་ ༡༦ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་དང་སྣ་ར། ཉི་ཧ་མ། ཧི་རོ་ཤི་མ་བཅས་ཀྱི་ནང་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ བཅས་ཀྱི་ནང་ལྷན་བཞུགས་མཛད་དེ་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་མ་ཟད། ཉི་ཧོང་གི་གསར་འགོད་པ་དང་སློབ་ཕྲུག གཞོན་སྐྱེས་བཅས་ཀྱི་དྲི་བར་བཀའ་ལན་ཟབ་རྒྱས་སྩལ་ཏེ་ཕྱི་ཚེས་ ༡༦ ཉིན་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས། དེ་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་མཛའ་མཐུན་ཚོགས་པས་མ་དྷར་ཊེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ (Mother Teresa Memorial Award for Social Justice) དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་གསར་འགྱུར་བརྙན་འཕྲིན་སི་ཨེན་ཨེན་ཨ་ཡི་བྷི་ཨེན་(CNN/IBN) ཞེས་པའི་གསར་འགོད་པ་སྐུ་ཞབས་ཀ་རན་ཐ་པར་ལགས༌ཀྱི་ཆེད་དོན་དྲི་བར་བཀའ་ལན་མཛད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་དུས་བབ་དབུ་ཁྲིད་ལྷན་ཚོགས་ (Hidustan Times Leadership Summit) ཞེས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་དཀའ་རྙོག་གི་དུས་སྐབས་ནང་ཞི་བདེ་འཚོལ་ཐབས་ (Art of Happiness in Troubled Time) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། ཕྱོགས་མཚུངས་ཉིན་དེར་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ ༢༥ འཁོར་བའི་དུས་ཆེན་མཛད་སྒོར་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ (Human Approach to World Peace) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། ཕྱི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞིའི་རིང་སེམས་དང་སྲོག་ (Mind & Life) གི་བགྲོ་གླེང་ཚོགས་འདུ་ཐེངས་ ༢༢ པའི་ཐོག་ལྷན་ཞུགས་མཛད་ཡོད་པ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་མི་ཡ་མི་ལ་ཡ་ཨི་སི་ལཱ་མི་ཡཱ་(Jamia Millia Islamia) ཞེས་པའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས།
ཕྱི་ཟླ་ ༡༡ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་གར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། མགོན་པོ་གང་ཉིད་མཆོག་ཕྱི་ཚེས་ ༢༣ ཉིན་ལྡི་ལི་ནས་ཅན་ཌི་གྷར་དུ་ཆིབས་སྒྱུར་བསྐྱངས་ཏེ་དེར་ཚན་གཅིག་བཞུགས་ཞག་མཛད། བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཅན་ཌི་གྷར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུར་བཅར། ཅན་ཌི་གྷར་ནས་ཆིབས་འགྲོའི་ཐོག་ཆིབས་སྒྱུར་བསྐྱངས་ཏེ་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཞུགས་སྒར་དུ་༸ཞབས་སོར་འཁོད་སྐབས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།