༢༠༡༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠ ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་འཁོད་དོན། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་ལེགས་བྱང་དང་སྐད་ཡིག ཆོས། ཡུལ་གོམས་གཤིས་ལུགས་སོགས་སྲུང་སྐྱོབ་ཡོང་སླད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པ་སྐུལ་འདེད་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་ནས་གྲོས་མོལ་དེ་འདྲ་ཞིག་གནང་རྒྱུའི་ཐག་གཅོད་བྱུང་ཚེ་བོད་རྒྱ་མི་རིགས་གཉིས་ལ་ཕུགས་རྒྱང་རིང་པོའི་ཕན་ཐོགས་ཡོང་རྒྱུ་མ་ཟད། འབྱུང་འགྱུར་རྒྱལ་ནང་གི་བདེ་འཇགས་ལའང་ཕན་ཐོགས་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཀྱིས་ཁྲིམས་ལུགས་ལག་བསྟར་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང། རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལམ་ནས་བོད་མི་ཚོར་བཙན་ཐབས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་ལམ་ནས་བོད་མི་ཚོས་རང་གི་བླ་མ་ངོས་འཛིན་བྱ་རྒྱུ་དང་། སྲོལ་རྒྱུན་གྱི་ལམ་ནས་ནང་ཆོས་སློབ་སྦྱོང་བྱ་རྒྱུར་དམ་བསྒྲགས་བྱས་པ་མ་ཟད། བོད་ཀྱི་ནང་པའི་ལེགས་བྱང་གི་རྣམ་པ་དེ་གཞུང་གི་ལངས་ཕྱོགས་དང་མཐུན་པའི་སྒྲིག་འཛུགས་ཀྱི་ངོ་བོ་ཞིག་ཏུ་འགྱུར་རྒྱུའི་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱ་རྒྱུ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། བོད་ཀྱི་གཞུང་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐབས་བཏོན་པའི་བོད་ནང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་དང། བོད་ཀྱི་རང་བྱུང་ཐོན་སྐྱེད་ཤུ་གཞོག་གཏོང་རྒྱུ། བོད་མི་ཞིང་པ་ཁག་གཅིག་དང་བོད་མི་འབྲོག་པ་རྣམས་བཙན་ཐབས་ཀྱིས་ས་གནས་སྤོ་བཞུད་བྱས་པ་དང་། འབྲོག་པ་རྣམས་གཞིས་ཆགས་ནང་གནས་སྤོ་བྱ་རྒྱུ་སོགས་ཀྱི་ལས་གཞི་དེར་ངོས་ལེན་བྱ་ཐབས་མེད།
རྒྱ་ནག་གཞུང་དང་གུང་ཁྲན་ཚོགས་པའི་ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ ལོའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་དེ་བོད་ཀྱི་ལེགས་བྱང་ལ་རྩིས་མཐོང་མ་སྤྲད་པར་རྒྱ་ནག་གཞུང་དང་གུང་ཁྲན་ཚོགས་པའི་དམིགས་ཡུལ་བསྒྲུབ་རྒྱུ་དེ་ཆ་རྐྱེན་གཙོ་བཟུང་བྱས་ཡོད། བོད་ཀྱི་གཞུང་མོལ་ཚོགས་འདུ་ཐེངས་ལྔ་པའི་འཆར་གཞི་ལག་བསྟར་སྐབས་བོད་མི་ཚོའི་མངོན་འདོད་དང་བསམ་ཚུལ་ལ་བསམ་ཤེས་བྱེད་དགོས། འཛུགས་སྐྲུན་གྱི་ལས་གཞི་དེ་དག་ལག་བསྟར་བྱས་པ་ལས་ཁོར་ཡུག་དང་རང་བྱུང་འཐོན་སྐྱེས་སོགས་ལ་རྗེས་འབྲས་ཇི་བྱུང་ཁྱད་ལས་པ་ཚད་ལྡན་དང་གྲོས་མོལ་བྱེད་པའི་ཐོག་གཞུང་གི་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱུན་འཁྱོངས་ཡོང་བར་ཁྱད་ལས་པའི་ལམ་སྟོན་ཞུ་དགོས་པ་གལ་ཆེ། ཕྱོགས་མཚུངས་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ལག་བསྟར་སྐབས་བོད་མི་ཚོའི་ལེགས་བྱང་དང་སྐད་ཡིག ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན། ཁོར་ཡུག་བཅས་བདག་གཅེས་ཡོང་སླད་ཨ་རི་དང་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་ངེས་པར་དུ་མཉམ་ཞུགས་བྱེད་འཇུག་དགོས་པ་ལས། འཛུགས་སྐྲུན་གྱི་ལས་གཞིའི་ཆེད་བོད་ནང་བོད་རིགས་མིན་པའི་མི་རིགས་གཞན་སྤོ་བཞུད་བྱེད་མི་དགོས་པ་ཞིག་དགོས་ཞེས་སོགས་འཁོད་ཡོད་པ་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མའི་གནད་དོན་དང་འབྲེལ་ནས་བཀོད་དོན། རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་བོད་ནང་རང་གི་ནང་མི་དང་ལྷན་མི་དཀྱུས་མའི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་བརྗོད་པ་དེ་གསལ་བཏོན་དགོས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་པའི་སྐུ་ཚབ་གཅིག་བོད་དུ་མགྲོན་འབོད་ཀྱིས་དགེ་འདུན་ཆོས་ཀྱི་ཉི་མ་དང་མཇལ་འཇུག་དགོས་པ་མ་ཟད། ཁོང་དང་ལྷན་སྐུ་དཔར་སྒྲོན་པའི་ཐོག་སྐུ་དཔར་དང་སྐབས་དེར་དགེ་འདུན་ཆོས་ཀྱི་ཉི་མའི་དགོངས་ཚུལ་རྣམས་གསལ་བསྒྲགས་བྱེད་དགོས་པ་ང་ཚོས་རྒྱ་ནག་གཞུང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་པ་ལྟར་བོད་མི་ཚོར་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང།
འདུ་འཛོམས་རང་དབང་སོགས་ཀྱི་ཐོབ་ཐང་སྤྲོད་དགོས་པ་ལས་གཞུང་གིས་དམ་བསྒྲགས་བྱ་རྒྱུ་མཚམས་འཇོག་དགོས་ཞེས་སོགས་བཀོད་ཡོད། དེ་བཞིན་སྙན་ཐོ་དེའི་ནང་འཁོད་དོན།
ཨ་རིའི་སྲིད་གཞུང་གིས་རྒྱ་ནག་དཔོན་རིགས་ཚོ་དང་མཇལ་འཕྲད་ཀྱི་ཚོགས་འདུའི་སྐབས་འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་བྱེད་མཁན་གྱི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ངེས་པར་དུ་གླེང་དགོས་ཞེས་གསལ། གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་དང་གུང་ཁྲན་ཚོགས་པས་རྒྱལ་སྤྱིའི་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྙན་གྲགས་ཆུང་དུ་གཏོང་རྒྱུ་དང། བོད་ནང་གི་གཞིས་ལུས་བོད་མི་ཚོ་དང་འབྲེལ་བ་བཅད་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཟུར་ཕུད་བྱ་རྒྱུའི་ཆབ་སྲིད་ལག་བསྟར་བྱེད་བཞིན་ཡོད་ཅེས་སོགས་འཁོད་ཡོད། དེ་ཡང་ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་བྷེ་རོན་ཌོར་གྷན་མཆོག་གིས་གསུང་དོན། སྙན་ཐོ་དེར་གཞིགས་ན་སྔ་ལོ་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་བ་དེ་གསལ་པོ་ཆགས་ཡོད། དེར་བརྟེན་ང་ཚོར་སེམས་འཚབ་ཆེན་པོ་ཡོད་ཅེས་སོགས་གསུངས།།
ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་དགོས་པའི་སྐུལ་འདེད་བྱས་པ།
གསར་གནས།
འབྲེལ་གནས།