༢༠༡༠ ཟླ་ ༡༠ ཚེས་ ༨ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་པ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་ ༥༠༠༠ བརྒལ་བ་རྣམས་ལ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བྱང་ཆུབ་ལམ་སྒྲོན་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་འཕྲོ་སྐྱོང་སྩལ་རྗེས་དགེ་བསྙེན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་མཛད། དེ་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་ཏེ་ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་ཡིན་སྐོར་བཀའ་སློབ་ཕེབས་དོན། བཅོམ་ལྡན་འདས་ཀྱིས་གདུལ་བྱར་ཆོས་སྟོན་སྐབས་ཁོང་གིས་ཉམས་ལེན་གནང་རྒྱུ་ཟབ་ཤོས་ཤིག་ཁོང་རང་ཉིད་ཀྱི་སྤང་རྟོགས་མཐར་ཕྱིན་པའི་ཡོན་ཏན་ཞིག་མངའ་ཡོད་པའི་ཐབས་དང་རྐྱེན་གང་ལ་བརྟེན་ནས་ཐོབ་པ་དེ་གཟིགས་ཡོང་སྐབས། བྱང་ཆུབ་ཀྱི་སེམས་དེ་གཙོ་བོ་ཆགས་ཀྱི་ཡོད། དེར་བརྟེན་བཅོམ་ལྡན་འདས་ལ་ཐུགས་ཞེ་ས་མ་ཞུས་ན། བཅོམ་ལྡན་འདས་རང་ཉིད་ཀྱིས་སྤང་རྟོགས་རྫོགས་པའི་ཡོན་ཏན་དེ་འདྲ་ཞིག་ཡོང་རྒྱུའི་ཐབས་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་ཡིན་པ་དགོངས་ཏེ་ང་ཚོ་གདུལ་བྱ་ཚོར་སྙིང་ནོར་ཚུལ་དུ་གསུང་གི་ཡོད། སྤྱོད་འཇུག་ནས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས་ཞེས་གསུངས་ཡོད། །དེ་བཞིན་རྗེ་བཙུན་བྱམས་པ་མགོན་པོས། །ངན་འགྲོ་ལམ་ནས་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནས་རབ་སྟོན་ལ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་གསུངས་ཡོད། སྐྱེས་བུ་ཆུང་འབྲིང་གི་སྐབས་ལ་མངོན་མཐོ་དང་ངེས་ལེགས་བསྒྲུབ་རྒྱུའི་ཐབས་གཙོ་ཆེར་གསུངས་ཡོད། དེ་དག་ལ་རིམ་པས་བློ་སྦྱང་སྟེ་དངོས་གཞིའི་ཉམས་ལེན་བསྒྲིལ་ས་དེ་བྱང་ཆུབ་སེམས་ཀྱི་ཐོག་ལ་བསྒྲིལ་ན་མངོན་མཐོ་བདེ་བླག་ཏུ་ཐོབ་ཐུབ། མངོན་མཐོའི་རྒྱུ་ཕུན་སུམ་ཚོགས་པ་དེ་བྱང་ཆུབ་སེམས་ཀྱི་ཐོག་ནས་ཡོང་གི་ཡོད། ངེས་ལེགས་དང་ཐར་པ་ཐོབ་རྒྱུ་ཡིན་རུང་བྱང་ཆུབ་ཀྱི་སེམས་དཔའི་སྟོབས་སྐྱེས་སྟོང་ཉིད་ཀྱི་ལྟ་བའི་ནུས་པ་གོང་ནས་གོང་དུ་འཕེལ་དགོས་པ་ཞིག་ཡིན། དེར་བརྟེན་གནས་སྐབས་དང་མཐར་ཐུག་གི་དགོས་དོན་ཡོངས་རྫོགས་བྱང་ཆུབ་སེམས་ཀྱིས་འགྲུབ་ཡོང་གི་ཡོད། ང་རང་ཚོས་སྡིག་པ་གསོག་རྒྱུ་མང་ཤོས་དེ་སེམས་ཅན་ལ་བརྟེན་ནས་ཡོང་གི་ཡོད། ཡིག་བརྒྱ་འབུམ་མང་པོ་གསག་པ་ལས་བྱང་ཆུབ་ཀྱི་སེམས་གཟབ་ནན་ངང་ཐུན་གཅིག་སྒོམ་ན་ཕལ་ཆེར་ནུས་པ་ཆེ་བ་ཡོད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་རྒྱུ་གཙོ་བོ་བྱེད་དགོས། དེ་ནས་མ་ཎི་ཕྲེང་སྐོར་གཅིག་ཙམ་འདྲེན་ཐུབ་ན་ཡག་པོ་ཡོད། ཁྱེད་རང་ཚོ་ཕྱོགས་ཁག་ནས་མང་པོ་ཞིག་འདིར་བསླེབས་འདུག ཆོས་ཞེས་པ་དེ་སེམས་རྒྱུད་འདུལ་རྒྱུའི་དོན་ཡིན་པས་དུས་རྒྱུན་དུ་ནས་སོ་སོའི་སེམས་རྒྱུད་འདུལ་ཐབས་བྱེད་དགོས། སེམས་རྒྱུད་དཀྲུག་མཁན་དེ་ཉོན་མོངས་ཀྱིས་བྱེད་ཀྱི་ཡོད། ཉོན་མོངས་ཀྱི་གཞན་དབང་དང་ཉོན་མོངས་དང་དུ་མ་བླངས་བ་བྱེད་རྒྱུ་ནི་གལ་ཆེན་པོ་རེད། དེ་ཚང་མས་དགོངས་པར་བཅངས་རོགས། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཏེ་ཉིན་བཞིའི་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད་པ་བཅས།།