༢༠༡༠ ཟླ་ ༡༠ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གྱི་གྲོང་ཁྱེར་པུ་ནེའི་ནང་རྟེན་གཞི་བྱས་པའི་པུ་ནེ་གཙུག་ལག་སློབ་གྲྭ་དང་ཝར་ཎ་མཐོ་སློབ་གཉིས་ཟུང་སྦྲེལ་ཐོག་ལེགས་སྦྱར་དང་པཱ་ལི། བོད་སྐད་བཅས་སྐད་ཡིག་གསུམ་གྱི་ཚིག་མཛོད་གསར་པ་ཞིག་འདོན་སྤེལ་གནང་འཆར་འདུག དེ་ཡང་གནད་དོན་དེ་དང་འབྲེལ་ནས་པུ་ནེའི་གཙུག་ལག་སློབ་ཁང་གི་པཱ་ལིའི་སྡེ་ཚན་འགན་འཛིན་དང་ཚིག་མཛོད་གསར་པའི་ལས་འཆར་འགན་འཛིན་སྐུ་ཞབས་ (MA Deokar) ལགས་ཀྱིས་རྒྱ་གར་གྱི་གསར་ཤོག་ (Indian Express) ཞེས་པའི་ནང་འགྲེལ་བརྗོད་གནང་དོན། ནང་ཆོས་ཐོག་སློབ་གཉེར་མཐར་ཕྱིན་པ་ཡོང་ཆེད་ལེགས་སྦྱར་དང་པཱ་ལི། བོད་ཡིག་བཅས་སྐད་ཡིག་གསུམ་ལས་གཅིག་མ་གཏོགས་མ་ཤེས་ཚེ་དཀའ་ངལ་འཕྲད་སྲིད། དེང་སང་ནང་པའི་གཞུང་ཕལ་མོ་ཆེ་བོད་ཡིག་དང་རྒྱ་ཡིག་ནང་ཡོད། དེར་བརྟེན་པཱ་ལི་གཞི་རྩར་བཞག་ཐོག་བོད་སྐད་དང་ལེགས་སྦྱར་གཉིས་ཚང་བའི་མཆན་འགྲེལ་དབྱིན་ཡིག་ནང་བྲིས་པའི་ཚིག་མཛོད་གསར་པ་ཞིག་བཀོད་སྒྲིག་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད་ཅེས་གསུངས་ཡོད། སྐད་ཡིག་གསུམ་ལྡན་གྱི་ཚིག་མཛོད་གསར་པའི་ལས་འཆར་དེའི་ཆེད་རྒྱ་གར་དབུས་མཐོ་སློབ་འཛིན་སྐྱོང་ལྷན་ཚོགས་ (UGC) ནས་རོགས་དངུལ་ཧིན་སྒོར་འབུམ་དགུ་ཙམ་གནང་ཡོད། ད་ཆ་ལས་གཞི་དེ་བརྒྱ་ཆ་ ༥༠ ཙམ་ཟིན་ཡོད་པ་དང། གོ་སྒྲིག་ཚོགས་ཆུང་གིས་ལས་འཆར་འདི་བཞིན་ཕྱི་ལོ་ ༢༠༡༡ ཟླ་བ་དྲུག་པའི་ནང་ལེགས་གྲུབ་ཡོང་བའི་རེ་བ་གནང་བཞིན་འདུག་པ་བཅས།།
སྐད་ཡིག་གསུམ་གྱི་ཚིག་མཛོད་གསར་པ་བཀོད་སྒྲིག་གནང་བཞིན་པ།
གསར་གནས།
འབྲེལ་གནས།