༢༠༡༠ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཕུར་བུ།
ལིའུ་ཤའོ་ཕོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེས་རྒྱ་ནག་གི་མང་གཙོའི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེས། རྒྱ་ནག་མང་གཙོའི་ལས་འགུལ་གྱི་བརྒྱུད་རིམ་ནང་གི་དགའ་བ་སྐྱེ་འོས་པའི་དོན་ཆེན་དང་། བརྒྱུད་རིམ་དེའི་མཚོན་བྱེད་རང་བཞིན་གྱི་ལམ་ཚད་རྡོ་རིང་ཞིག་ཀྱང་རེད། དེར་བརྟེན་བོད་མིའི་ཆོས་སྲིད་ཟུང་གི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་མ་ཐག་ཁོང་ལ་བཀྲིས་བདེ་ལེགས་ཀྱི་གསུང་འཕྲིན་སྩལ་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ལ་གཟེངས་རྟགས་འདི་ལྟ་བུ་ཕུལ་བ་དེས། ཁོང་གི་ད་བར་རྒྱ་ནག་གི་ཁྲིམས་སྲིད་བསྒྱུར་བཅོས་བྱ་རྒྱུར་སྐུལ་དེད་གཏོང་བའི་འབད་བརྩོན་ཡོད་དགུ་བྱས་པར་ཁས་ལེན་གནང་བ་ཞིག་རེད་ཅེས་གསུང་འཕྲིན་ནང་བསྔགས་བརྗོད་གནང་འདུགསྐུ་ཞབས་ལིའུ་ཤའོ་ཕོ་ནི་རྒྱ་ནག་ནང་བློ་དཀར་སེམས་དཀར་གྱིས་དགེ་སྐྱོན་ཡོ་བསྲང་བྱེད་མཁན་ཤེས་ཡོན་ཅན་གྱི་གྲས་ཤིག་དང་། འཚེ་མེད་ཞི་བའི་ངང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་བྱ་ཆེད་ལས་འགུལ་ སྤེལ་མཁན་གྱི་མང་གཙོ་དོན་གཉེར་བ་ཞིག་རེད། ཁོང་གིས་ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༦ པའི་ནང་གནམ་བདེ་སྒོ་མོའི་མདུན་ཐང་དུ་ཟས་བཅད་ངོ་རྒོལ་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་ནང་ཁོང་གིས་གཙོ་གཉེར་བྱས་པའི་ <<ཉིས་སྟོང་བརྒྱད་ལོའི་ཁྲིམས་སྲིད་>> ཞེས་པའི་རྩ་ཁྲིམས་བསྒྱུར་བཅོས་ལ་མཁོ་བའི་རྩ་འཛིན་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད། ཁོང་ལ་རྒྱ་ནག་གཞུང་གིས་བཙོན་བཅུག་དོ་དམ་གྱིས་མཚོན་པའི་བསུན་བཙེར་ག་ཚོད་བྱས་ཀྱང་ཁོང་གི་བློ་སེམས་ཀྱི་དམ་བཅར་འགྱུར་བ་སྤ་ཙམ་བྱུང་མེད། གཙོ་ཆེ་ཤོས་ཁོང་གི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པ་འདིའི་ནང་ཁོང་གིས་འཇིག་རྟེན་ཀུན་ཁྱབ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་དགོས་པ་ནན་བཤད་བྱས་ཏེ། མི་མང་གིས་ཐད་ཀར་འོས་ཤོག་འཕེན་ནས་སོ་སོའི་འདོད་མོས་ཡོད་པའི་འགོ་འཁྲིད་ འདེམས་བསྐོ་བྱ་རྒྱུ་དང་། ཁྲིམས་ལུགས་རང་དབང་དགོས་པ། ཆབ་སྲིད་ཀྱི་ཚོགས་པ་གཅིག་གིས་སྲིད་དབང་སྒེར་སྤྱོད་བྱ་རྒྱུ་མཚམས་འཇོགས་དགོས་པ་བཅས་མདོར་ན་ཆབ་སྲིད་ལམ་ལུགས་མང་གཙོའི་ཕྱོགས་སུ་ཁ་གཏོད་དགོས་པའི་རེ་བ་བཏོན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕོ་ལ་རྒྱལ་ཁབ་མགོ་གཏིང་སློག་མཁན་ཟེར་བའི་ཉེས་མིང་བཀལ་སྟེ་དུས་བཀག་བཙོན་བཅུག་ལོ་བཅུ་གཅིག་གི་ཉེས་ཆད་བཏང་ཡོད་པ་རེད། ད་རེས་ནོ་སྦེལ་གཟེངས་རྟགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕོ་ལ་གནང་བ་དེའི་སྐོར་རྒྱ་ནག་གཞུང་གིས་གསར་འགྱུར་གྱི་བརྒྱུད་ལམ་ཡོངས་རྫོགས་དང་རྒྱ་ནག་ནང་ཁུལ་གྱི་དྲ་རྒྱ་ཚང་མར་བཀག་དོམ་བྱས་ཏེ་རྒྱ་ནག་མི་མང་གིས་ཤེས་རྟོགས་མི་ཡོང་བ་ བཟོས་ཡོད་ཀྱང་། ཕྱིའི་གསར་འགྱུར་བརྒྱུད་ལམ་དང་དེང་དུས་ཀྱི་ཆ་འཕྲིན་དྲ་བ་བརྒྱུད་རྒྱ་ནག་མི་ མང་ལ་གཅིག་ལ་གཅིག་བརྒྱུད་ཀྱིས་བཀྲིས་པའི་དོན་ཆེན་འདི་ཤེས་རྟོགས་བྱུང་རྗེས། ཁོང་ཚོས་ལིའུ་ཤའོ་ཕོ་ལ་ཡིད་སྨོན་བྱས་ཏེ། ཁོང་གི་ཆབ་སྲིད་ལྟ་ཚུལ་ལ་དོ་སྣང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་སྟེ། རྒྱ་ནག་ནང་གི་མང་གཙོའི་ལས་འགུལ་གྱི་ནུས་པར་རྒྱབ་སྐྱོར་ཆེན་པོ་ཞིག་ཡོང་ཐུབ་ངེས་རེད། ད་རེས་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་སྔ་རྗེས་སྡིག་སྐུལ་བྱས་པར་དཔའ་མི་ཞུམ་པར་ཆེས་མཐོའི་གཟེངས་རྟགས་བྱ་དགའ་འདི་ལིའུ་ཤའོ་ཕོ་ལ་གནང་བ་དེས། རྒྱ་ནག་གཞུང་གི་འགོ་ཁྲིད་པ་ཚོར་བདམས་ཁ་བྱེད་གོས་པ་ཞིག་བཟོས་ཡོད། དེ་ཡང་། མུ་མཐུད་དེ་མི་མང་ལ་དྲག་གནོན་བྱེད་དང་། ཡང་ན། རྒྱལ་ཁབ་སྣེ་ཁྲིད་དེ་རང་དབང་གི་ཕྱོགས་སུ་གོམ་པ་ཆེ་ཙམ་སྤོ་དགོས་པ་འདི་རེད། པེ་ཅིན་གཞུང་གིས་ག་རེ་བཤད་ཀྱང་རུང་། ག་རེ་བྱས་ནའང་། འཛམ་གླིང་མི་མང་གིས་ལིའུ་ཤའོ་ཕོ་བརྗེད་མེད་པ་དང་། མང་གཙོའི་ལས་འགུལ་ཆེད་དུ་འདས་གྲོངས་གྱུར་བ་དང་ད་ལྟ་བཙོན་འོག་ཏུ་གནས་པའི་ཆབ་སྲིད་བཙོན་པ་རྣམས་བློས་བཏང་མེད་པར། དེ་བས་ཀྱང་ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཁོང་ཚོའི་ཆེད་དུ་མུ་མཐུད་འབད་བརྩོན་བྱས་དང་བྱེད་བཞིན་པ་ནི། རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་དོན་དུ་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆར་དངོས་སུ་མིང་རྟགས་བཀོད་མཁན་མི་གྲངས་བརྒྱད་སྟོང་ལྷག་ཙམ་དང་དེའི་རྒྱབ་ཏུ་ཡོད་པའི་གྲངས་ལས་འདས་པའི་མི་རྣམས་ཀྱིས་སྲ་བརྟན་འགྱུར་མེད་ཀྱི་དམ་བཅའ་འདི་རེད། ལིའུ་ཤའོ་ཕོ་ལ་གཟེངས་རྟགས་ཐོབ་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁོང་གིས། བྱ་དགའ་འདི་ནི་གནམ་བདེ་སྒོ་མོའི་མང་གཙོའི་ལས་འགུལ་སྐབསཤི་པོའི་རྣམ་ཤེས་ལ་སྤྲད་པ་རེད་ཅེས་ངོས་འཛིན་གནང་བ་ལྟར་ད་ཕན་རྒྱ་ནག་གི་མང་གཙོའི་ལས་འགུལ་དང་། སྤྱི་འབངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པོའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་མང་ཚོགས་ལ་རྒྱབ་སྐྱོར་བྱས་པའི་སེམས་ཤུགས་འཕར་མ་ཞིག་སྤྲད་པ་མཚོན་གྱི་ཡོད་པར་བརྟེན། རྒྱ་ནག་མང་གཙོའི་ལམ་སྲོལ་ཕྱོགས་སུ་ཁ་གཏད་རྒྱུར་གོམ་པ་ཆེ་ཙམ་སྤོས་ཐུབ་རྒྱུར་ཕན་ནུས་འཐོན་པའི་དུས་ལ་འཁེལ་བ་ཞིག་རེད། གང་ཡིན་ཞེས་ན། རྒྱ་ནག་དམར་གཞུང་གི་སྐབས་བཅུ་བདུན་པའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་རིང་མིན་འཚོགས་གཏན་འཁེལ་ཡོད་པས། སྐབས་དེར་རྒྱ་ནག་གི་འགོ་ཁྲིད་པ་ཚོས་ཆབ་སྲིད་ཐད་བཅོས་བསྒྱུར་བྱ་རྒྱུའི་སྐོར་སྲིད་བློན་ཝུན་ཅ་བའོ་ཡི་ཉེ་དུས། ཆབ་སྲིད་ཐད་འགྱུར་བ་མ་གཏང་ན་འགྲོ་ལམ་མེད་ཅེས་བཤད་ཡོད་པ་ལྟར་དངོས་འབྲེལ་གོ་བསྡུར་སྦྱང་བཤད་ལེགས་པོ་ཞིག་བྱས་ཏེ་བདམ་ཁ་མི་ནོར་བ་བྱ་རྒྱུའི་དུས་ལ་འབབ་ཡོད། གཞི་རྐང་ཧུ་ཅིན་ཐའོ་ཡིས་རྒྱ་ནག་དམར་གཞུང་གི་ཆེས་མཐོའི་འགོ་ཁྲིད་ཀྱི་ལས་གནས་ཐག་འཁོད་དེ་ཡུན་རིང་མ་སོང་བར་མངོན་གསལ་དོད་པོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་དཔུང་ཁག་ནང་། ལྷོ་ཨཕེ་རི་ཀའི་འགོ་ཁྲིད་ནལ་སན་མལ་ཌ་ལ་དང་། ཕོ་ལནཌི་སྲིད་འཛིན་ཟུར་པ་ཝེ་ཀེ་ལོ་ཧ་ཝེལ་ (VacLov Havel) འབར་མའི་ཕྱོགས་བརྒལ་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཅི་ལྟ་བུ་མི་འོང་སྔོན་འགོག་བྱ་དགོས་ཞེས་བཤད་དེ། རྒྱ་ནག་གི་སྲུང་སྐྱོབ་འགྲོ་གྲོན་ཚད་ལས་བརྒལ་བ་བཏང་སྟེ། དམག་དཔུང་དང་ཉེན་རྟོགས་ཀྱི་ལས་དོན་ལས་ཤུགས་སྣོན་བརྒྱབ་པའི་དམིགས་ཡུལ་ཡང་གོང་ལྟར་ཡིན་ནའང་། ད་ཆ་ལིའུ་ཤའོ་ཕོ་ལ་བྱ་དགའ་ཐོབ་པ་མ་ཟད། ཉེ་བའི་ལོ་ཤས་ནང་དབུས་ཅིན་ཧྲེང་དང་ཧུ་ཅ་སོགས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་མི་ཉུང་བ་ཞིག་ལ་བྱ་དགའ་འཐོབ་སྲིད་པའི་མིང་ཐོའི་ནང་ཚུད་པ་དེ་དག་གིས་ཐོག་ནས་དོན་དངོས་སུ་རྒྱ་ནག་གཞུང་གིས་མཐོང་དོད་མེད་པའི་མི་དེ་རིགས་མེད་པ་ཆགས་རྒྱུའི་ཚབ་ཏུ་དམར་ཤོག་ཚོགས་པའི་ནང་མངོན་ཤུགས་བརྒྱུད་གསུམ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད། རྒྱ་ནག་གི་མང་གཙོའི་ལས་འགུལ་ནི་འཛམ་གླིང་བསམ་པའི་དཔལ་ཡོན་གྱི་ཆ་ཤས་ཤིག་ཡིན་སྟབས། འཇིག་རྟེན་ཀུན་ཁྱབ་གྱི་རིན་ཐང་ས་གཞིག་ཡོངས་སུ་ཁྱབ་སྤེལ་འགྲོ་བཞིན་པ་དེའི་འགུལ་ཤུགས་འོག ཟློག་ཐབས་མེད་པར་རྒྱ་ནག་རྒྱལ་ཁབ་འདི་ཡང་གང་མྱུར་རྨོངས་གཉིད་ལས་བསད་དེ་མང་གཙོའི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་ངེས་རེད།
བཙན་བྱོལ་བོད་གཞུང་བཀའ་ཤག་ནས་གནང་བའི་འཚམས་འཕྲིན་ནང་། རྒྱ་མི་རིགས་ཤིག་ལ་འདི་ལྟའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་པ་ནི་རྒྱ་ནག་རྒྱལ་ཡོངས་ངོས་ནས་སྤོབས་པ་སྐྱེ་དགོས་པ་ཞིག་ཡིན། འདི་ལོའི་གཟེངས་རྟགས་དེ་སྐུ་ཞབས་ལིའུ་ཤའོ་ཕོ་ལ་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁོང་གིས་རང་དབང་གོང་འཕེལ་དང་། རྒྱ་ནག་ནང་མི་སྒེར་གྱི་རང་དབང་ཆེད་ཁྱད་དུ་འཕགས་པའི་ལས་དོན་གནང་བ་དེ་དག་ལ་ངོས་འཛིན་ཐོབ་པ་ཞིག་རེད། ཁོང་གིས་རྒྱ་ནག་ནང་རང་དབང་དང་མང་གཙོ་ཡོང་ཆེད་ཕྱི་ལོ་ ༢༠༠༨ རྩ་འཛིན་ཡིག་ཆ་ཞེས་བདོན་པ་དེ་ནི་འགྲན་ཟླ་མེད་པའི་བློས་གཏོང་ཞིག་ཀྱང་ཡིན། ཁོང་གིས་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ང་ཚོ་བོད་མི་ཚོས་སྐུ་ཞབས་ལིའུ་ཤའོ་ཕོ་ལ་འོས་ཤིང་འཚམས་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་ཁོང་རང་ཉིད་ནས་དངོས་སུ་བཞེས་ཐུབ་པའི་སྨོན་འདུན་ཞུ་བཞི་ཡོད་ཅེས་འཁོད་པ་ལྟར་རོ།། །།