༢༠༡༠ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༧ ཉིན་རྡ་ས་ཡོངས་གླིང་སློབ་གྲྭའི་མདུན་ཐང་དུ་ཉིན་སློབ་དེ་དབུ་བརྙེས་ནས་ལོ་ཧྲིལ་པོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། རྡ་ས་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་འཐུས་ཚོགས་གཉིས་ཀྱི་ཚོགས་གཙོ། དཔེ་སྟོན་སློབ་གྲྭ་དང་གངས་སྐྱིད་ཉིན་སློབ།
དེ་བཞིན་མེག་གྷན་ཉིན་སློབ་བཅས་ཀྱི་སློབ་སྤྱི་རྣམ་པ་དང་། ཕྲུ་གྲུའི་ཕ་མ་བཅས་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གི་སྒྲོན་མེ་ཞལ་ཕྱེ་དང་། དེ་རྗེས་སློབ་གྲྭའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དབུས་ཕྲུ་གྲུའི་ཕ་མ་རྣམས་ཀྱིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་མཚམས་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་སློབ་ཕྲུག་ཁག་གཅིག་ནས་ལུས་རྩལ་རྣམ་པའི་ཐོག་བསྟོད་གླུ་ཕུལ་སྒྲུབ་བསྟུན་སློབ་གྲྭའི་འགན་འཛིན་གྱིས་དུས་ཆེན་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སྒྲོག་སྦྱངས་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དགེ་ལས་རྣམས་ལ་ལེགས་སྐྱེས་གསོལ་རས་གནང་རྗེས་གསུང་བཤད་གནང་དོན། དེ་རིང་མཛད་སྒོ་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སློབ་གྲྭའི་དགེ་ལས་སློབ་ཕྲུག་དེ་བཞིན་ཕྲུ་གུའི་ཕ་མ་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ང་ལ་དམིགས་བསལ་གསར་པ་ཞུ་རྒྱུ་མེད། གོང་དུ་ལས་བསྡོམས་ནང་གསུངས་པ་བཞིན་ཕྲུ་གུའི་ཕ་མ་མང་པོ་ཞིག་གསར་པ་ཡིན་དུས་ངོ་སྤྲོད་ཆེད་གསུང་པ་ཡིན་ཞེས་གསུང་པ་ལྟར་ཐོག་མར་སློབ་གྲྭ་ཚུགས་སྐབས་ཀྱི་ཕ་མ་ཚོ་ད་ཆ་མཇལ་རྒྱུ་མེད་པ་ཧ་ལམ་མང་ཆེ་བ་གསར་པ་ཤ་སྟག་རེད་འདུག སློབ་གྲྭ་འདི་ཐོག་མར་སྐྲུན་པའི་སྐབས་ལ་དངོས་གནས་ཀྱི་དཀའ་ལས་ག་ཚོད་སྐྱོན་པ་ང་ཚོ་འདིར་རྡ་སར་སྔ་མོ་ནས་ཡོད་དུས་མིག་གི་མདུན་གསལ་པོ་ཞེ་དྲག་རེད། ད་ལྟ་ཕ་མ་རྣམ་སྐྱིད་པོ་རེད་བསམ་གྱི་འདུག ཕྲུ་གུ་འདིར་སྐྱེལ་གནང་ཐུབ་ན་ཧ་ལམ་འགྲིག་པ་རེད། སྔོན་མ་སློབ་གྲྭ་ཚུགས་དུས་རྡ་སའི་ཕ་མའི་ཚོགས་ཆུང་གི་འགན་བཞེས་གནང་བ་དང་དེ་ནས་བར་ལམ་ཞིག་ལ་སློབ་གྲྭ་སྒོ་རྒྱག་དགོས་པའི་མཚམས་ལ་སླེབས་ཡོད། འོན་ཀྱང་ད་ལྟའི་ཆར་ཡོངས་གླིང་སློབ་གྲྭའི་འགན་འཛིན་གྱི་འགན་བཞེས་ཏེ་ད་ལྟའི་སློབ་གྲྭ་འདི་འདྲ་ཆགས་པ་རེད། སྔོན་མ་སློབ་གྲྭ་རྒྱག་དུས་ཨར་ལས་ལས་སྐབས་ཕ་མ་མང་པོ་སླེབས་ཡོད། ང་ཚོ་བོད་ཁྱིམ་ནས་དགེ་རྒན་བྱེད་སྐབས་སླེབས་མྱོང་བའི་ཕ་མ་དང་མི་མང་ཚོས་ཞལ་འདེབས་ཚུལ་དུ་ཕྱག་ལས་གནང་བར་སླེབས་ཡོད། ད་ལྟ་ཕ་མ་ཚོ་བགྲེས་ཡོལ་བྱས་ཏེ་བཞུགས་ཡོད་ཀྱི་རེད། སློབ་གྲྭ་འདི་ཚུགས་ཐུབ་རྒྱུར་བཀའ་དྲིན་ཆེན་པོ་ཞེ་དྲག་ཡིན། ད་ལྟའི་ཡོངས་གླིང་སློབ་གྲྭའི་འགན་འཛིན་གནང་མཁན་ཚོར་རྗེས་སུ་ཡི་རང་ཞུ་འདོད་བྱུང་། ད་ལྟའི་ཕྲུ་གུ་འདི་དག་མ་འོངས་བོད་ཀྱི་སོན་རྩ་ཆགས་ཀྱི་ཡོད་ཅིང་རྒན་པ་འགྲོ་གིན་གཞོན་པ་ཚོས་རྗེས་ཤུལ་མཐུད་བཞིན་བྱེད་དགོས་ཀྱི་ཡོད། མ་འོངས་པའི་ང་ཚོའི་སྤྱི་ཚོགས་དང་བོད་འདི་གང་འདྲ་ཆགས་ཀྱི་ཡོད་པ་དེ་ཕྲུ་གུ་དེ་དག་ལ་རག་ལུས་ཡོད། དེར་བརྟེན་དེ་དག་གི་འགན་དེ་སློབ་གྲྭ་གཅིག་པུ་མིན་པར་ཕ་མ་ཚོ་ལའང་འགན་ཆེན་པོ་ཡོད་བསམ་གྱི་འདུག ཕྲུ་གུའི་དགེ་རྒན་དང་པོ་དེ་ཕ་མ་ཆགས་ཡོད། ང་ཚོ་བོད་པའི་ཁ་རྒྱུན་ལ། ཕྲུ་གུའི་སྤྱོད་པར་བལྟས་སྟེ་ཕ་མ་ཡག་ཉན་ཤེས་ཐུབ་ཅེས་ཤོད་སྲོལ་ཡོད། ཕྲུ་གུའི་ཀུན་སྤྱོད་ཀྱི་བསམ་བློ་འཁྱེར་སྟངས་ཀྱི་འགན་གཙོ་བོ་དེ་ཕ་མ་ཚོར་ཡོད་པ་ཡིན་དུས་ངེས་པར་དུ་གཟབ་གཟབ་གནང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས། དེ་བཞིན་བཀའ་བློན་མཆོག་གིས་ཕྲུ་གུ་ཚོའི་འཚར་ལོངས་བརྒྱུད་རིམ་ནང་ཕ་མའི་མིག་ལྟོས་ངན་པའི་ཤུགས་རྐྱེན་མ་ཐེབས་པ་དང་གྲོང་པ་ཁྱིམ་མཚེས་ཀྱིས་ཕྲུ་གུའི་དབར་མཚུངས་བསྡུར་བྱས་ཏེ་ཕྲུ་གུའི་སེམས་ཁམས་ལ་གནོན་ཤུགས་དང་རྒྱུན་གཏན་ནས་འཕྲོད་བསྟེན་ལྟ་རྟོགས་ཡག་པོ་དགོས་སྐོར་སོགས་ཀྱི་གསུང་བཤད་གཟབ་རྒྱས་གནང་རྗེས་སློབ་ཕྲུག་རྣམས་ཀྱི་གཞས་སྣ་དང་རིག་རྩལ་རྩེད་རིགས་བཅས་འཁྲབ་སྟོན་སྣ་མང་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས།