༢༠༡༠ ཟླ་ ༡༠ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ཟླ་ ༡༠ ཚེས་ ༥ ཉིན་འདི་གར་སུད་སི་དོན་ཁང་གིས་བཏང་གནས་ནང་འཁོད་དོན། སུད་སི་དོན་ཁང་གིས་ཕྱི་ཟླ་ ༩ ནང་ལས་དོན་ཇི་བྱས་གནས་ཚུལ་ཞིབ་ཕྲ་གཤམ་གསལ།
༡༴༴༽ མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པ་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༣ ནས་ཟླ་ ༡༠ ཚེས་ ༡ བར་བདུན་གསུམ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་སྐོང་ཚོགས་གནང་ཡོད་ཅིང། ཚོགས་ཆེན་འདིར་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་ཇི་ཡོད་སེལ་ཐབས་བགྲོ་གླེང་གནང་གི་ཡོད་སྟབས། འདི་གའི་དོན་གཅོད་ལས་བྱེད་སྐེད་ཏ་བསྟན་འཛིན་བསམ་འཕེལ་ལགས་ནས་རྒྱལ་ཚོགས་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ (Society for Threatened Peoples) མིང་ཐོག་ནས་སྐབས་དེར་རྒྱལ་ཚོགས་ནང་མཉམ་ཞུགས་ཀྱིས་རྒྱ་ནག་སྲིད་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རྣམས་ཐེར་འདོན་དང་སྦྲགས། རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ནང་གསལ་ལ་བརྩི་འཇོག་ཞུ་དགོས་པ་དང་། ལྷག་པར་དུ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་སྐུ་ཞབས་ཀརྨ་བསམ་གྲུབ་གཙོས་པའི་ཁོང་གི་ནང་མི་དྲུག་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་བཅད་དང་འཛིན་བཟུང་། མནར་གཅོད་སོགས་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བོད་མི་ཤེས་ཡོན་ཅན་རྣམས་ནས་རྒྱ་གཞུང་ལ་འབྲི་རྩོམ་དང་། གླུ་གཞས་བཅས་ཀྱི་བརྒྱུད་ལམ་ནས་སྐྱོན་བརྗོད་བྱས་པར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་མཁན་ལ་བསྙད་དེ་འཛིན་བཟུང་བཀག་ཉར་དང་མནར་གཅོད་དྲག་པོ་བཏང་ཡོད་པ་དང་། སྒྲིག་མཐུན་ཁྲིམས་བཤེར་གྱི་གོ་སྐབས་སྤྲོད་ཀྱི་མེད་པའི་སྐོར་སྐྱོན་བརྗོད་ནན་པོ་བྱས་ཡོད། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༧ ཉིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ (Human Rights Watch) སྐུ་ཚབ་ནས་བོད་ནང་རྒྱ་ནག་གཞུང་ནས་བོད་མིར་དྲག་གནོན་ཅི་ཆེ་གཏོང་བཞིན་པར་བློ་འཚབ་ཡོད་པ་མ་ཟད། འདི་ལོ་ཟླ་ ༧ ནང་ཚོགས་པ་འདི་ནས་ཕྱི་ལོ་ ༢༠༠༨ ལོ་ནས་བོད་ས་ཡོངས་རྫོགས་ནང་བོད་མིས་ཞི་རྒོལ་བྱུང་བའི་དོན་རྐྱེན་ལ་ཞིབ་འཇུག་གནང་སྐབས་རྒྱ་གཞུང་དྲག་ཆས་དམག་མིས་བོད་མི་ཞི་རྒོལ་བར་དྲག་གནོན་ཚད་བརྒལ་བྱས་ཡོད་པ་ར་སྤྲོད་དང་། ཞི་རྒོལ་བྱུང་ནས་ལོ་གཉིས་རྗེས་སུའང་རྒྱ་གཞུང་ནས་བོད་མིའི་ཐོག་ཉེས་མེད་ཁྲིམས་བཅད་དང་། གར་སོང་ཆ་མེད་སོང་བ། ནང་མིར་བསུན་གཙེར་སོགས་ད་ལྟའང་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར། དེ་བཞིན་བོད་མི་ཞི་རྒོལ་བར་ཁྲིམས་བཤེར་དྲང་པོ་ཡོང་གི་མེད་པ་དང་། ལྷག་དོན་དུ་རྒྱ་གཞུང་བདེ་འཇགས་དམག་མིས་བོད་མི་ཞི་རྒོལ་བའི་ཐོག་དྲག་གནོན་ཚད་བརྒལ་གྱིས་དམར་གསོད་བཏང་བ་དང་རྨས་སྐྱོན་ཇི་ཕོག་བཅས་ཀྱི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཁ་གསལ་སྟོན་དགོས་སྐོར་གསུངས་ཡོད། ཁོང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ནང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པི་ལེ་མཆོག་ནས་བོད་ནང་གི་ཞི་རྒོལ་བྱུང་རྐྱེན་རྒྱབ་ལྗོངས་ནི་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་མ་ཐུབ་པས་རྐྱེན་ཡིན་སྐོར་གསུངས་པ་དེ་ལུང་འདྲེན་བྱས་ཤིང་། ཉེ་བའི་ལོ་ངོ་གཉིས་ནང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་མཁས་དབང་ནས་བོད་ནང་རྟོག་ཞིབ་གནང་རྒྱུའི་དགོས་འདུན་བཏོན་གནང་ཡོད་ཀྱང་རྒྱ་ནག་སྲིད་གཞུང་ནས་ད་བར་ཕེབས་བཅུག་མེད་སྐོར་གསུངས་ཡོད། རྒྱ་ནག་སྲིད་གཞུང་ནས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་མཁས་དབང་མི་ཉུང་བ་ཞིག་གཟིགས་ཞིབ་གནང་ཆེད་ཁས་ལེན་ཞུས་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༤ལོ་ནས་ཆོས་དད་རང་མོས་ཀྱི་ཞིབ་འཇུག་མཁས་དབང་གདན་ཞུ་གནང་རྒྱུའི་ཁས་ལེན་ཞུས་ཡོད་ནའང་ད་བར་ཕེབས་ཐུབ་པ་བྱུང་མེད་སྟབས་རྒྱལ་ཚོགས་འགྲོ་བ་མིའི་ལྷན་ཚོགས་འདི་ནས་རྒྱ་ནག་གཞུང་ལ་གོང་འཁོད་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་རྣམས་ཛ་དྲག་ཐོག་གདན་ཞུ་གནང་དགོས་སྐོར་ཞུས། ཚོགས་ཆེན་དུ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ནས་རྒྱ་ནག་གཙོས་པའི་རྒྱལ་ཁབ་མང་པོའི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྤྱི་ཚོགས་ནང་ལས་འཆར་སྤེལ་རྒྱུར་བཀག་འགོག་གནང་བར་བློ་འཚབ་ཡོད་གསུངས་ཤིང་། ལྷག་དོན་དུ་རྒྱ་གཞུང་སྐུ་ཚབ་ནས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་གཏམ་བརྗོད་རང་དབང་འགོག་ཐབས་འབད་བརྩོན་བྱས་པ་ནི་འཕྲེག་བཟུང་གིས་ཐབས་སྐྱོའི་རྟགས་མཚན་ཞིག་ཡིན་གསུངས།དེས་ན་ཚོགས་ཆེན་འདི་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར་རྣམས་བརྩི་འཇོག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཞུ་སླད་རང་དབང་ཐོག་ཕྱག་ལས་གནང་རྒྱུར་བརྩི་འཇོག་དགོས་པ་གསུངས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་International Society for Human Rights སྐུ་ཚབ་ཅིག་གིས་རྒྱ་ནག་སྲིད་གཞུང་ནས་བོད་རིགས་དང་ཤིང་ཅང་ཡུ་གུར་མི་རིགས་གཉིས་ནས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་ཚོར་ཁ་བྲལ་བ་ཡིན་པའི་སྐྱོན་བརྗོད་ཀྱིས་རྒྱ་རིགས་དབར་འཁོན་འཛིན་བཟོ་བཞིན་ཡོད་པ་དང་། ཁོང་རྣམས་ལ་གདུག་རྩུབ་མནར་གཅོད་བཏང་དང་གཏོང་བཞིན་པའི་སྐོར་རྒྱལ་ཚོགས་མནར་གཅོད་ཞིབ་འཇུག་མཁས་དབང་གི་སྙན་ཐོ་ནང་གསལ་འཁོད་ཡོད་ཅེས་གསུངས། དེ་མཚུངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་རིགས་དབྱེ་འབྱེད་དང་མི་རིགས་ནང་ཁུལ་འཆམ་མཐུན་ལས་འགུལ་ཚོགས་པ་དང་། ཨེ་ཤི་ཡ་གདོད་མའི་མི་རིགས་ཚོགས་པ། རྒྱལ་སྤྱི་ཤེས་ཡོན་གོང་འཕེལ་ཚོགས་པ། འཇིག་ཉེན་མི་རིགས་ཚོགས་པ། ལྷ་ནིཡེལ་མི་ཊེ་རན་ཐེབས་རྩ་ཚོགས་པ་བཅས་ཚོགས་པ་ལྔ་ཐོུང་ནས་རྒྱ་གཞུང་ནས་དཔལ་འབྱོར་འཛུགས་སྐྲུན་ལས་འཆར་འོག་གང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་སྟབས་བོད་མི་རྣམས་ལ་གནའ་རབས་ནས་དག་པའི་ས་ཞིང་ཐོག་འཚོ་བ་སྐྱེལ་རྒྱུའི་གཞི་རྩའི་ཐོབ་ཐང་དོར་བ་མ་ཟད། བདེ་སྡུག་སྙན་འབུལ་གནང་མཁན་ཐོག་རྒྱ་གཞུང་དམག་མིས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ས་ཁུལ་དེ་ནས་གནས་ཚུལ་འབྱོར་གསལ་ལྟར་ན་འདི་ལོ་ཟླ་ ༨ ནང་དཀར་མཛེས་རང་སྐྱོང་ས་ཁུལ་དཔལ་ཡུལ་རྫོང་ནང་བོད་མི་བརྒྱ་ཕྲག་འགས་རྒྱ་གཞུང་ས་གནས་ལས་ཁུངས་མདུན་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་སྐབས་རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་གསུམ་དམར་གསོད་བཏང་ཡོད་པ་དང་། སུམ་ཅུ་ཙམ་ལ་རྨས་སྐྱོན་ཕོག་པ། བོད་མི་མང་པོ་འཛིན་བཟུང་བྱས་ཡོད་སྐོར་གསུངས། རྒྱ་རིགས་ཀྱི་འཛིན་པའི་ཀ་ཀྲིན་བཟོ་གྲྭ་ནས་གསེར་སྔོག་འདོན་བྱེད་བཞིན་ཡོད་སྟབས་ས་གནས་དེར་མི་འབོར་ཕོན་ཆེ་འཕར་བ་དང་། ས་ཞིང་གི་བཅུད་ཧ་ཅང་ཉམས་རྒུད་འགྲོ་བ། རྩི་ཤིང་དང་དུད་འགྲོའི་རང་བྱུང་གནས་ཡུལ་ལ་ཆེས་གནོད་སྐྱོན་ཕོག་བཞིན་བ་བཅས་ལ་བརྟེན་བོད་མིས་ངོ་རྒོལ་བྱས་ཡོད། དེ་དང་ཕྱོགས་མཚུངས་ཉེ་ཆར་འབྲུག་ཆུ་རྫོང་ནང་ས་རུད་བྱུང་བ་ལྟ་བུ་རང་བྱུང་ཁོར་ཡུག་གི་གོད་ཆག་ཅི་ཆེ་ཡོང་བཞིན་པར་བོད་མི་རྣམས་བློ་འཚབ་དང་འཇིགས་སྣང་ངང་གནས་ཡོད་པའང་གསུངས་ཡོད། མཐའ་དོན་གོང་གསལ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐོུང་ནས་རྒྱ་ནག་སྲིད་གཞུང་ནས་དཔལ་ཡུལ་རྫོང་ནང་ཁྲིམས་འགལ་གྱིས་བོད་མི་དམར་གསོད་བཏང་བའི་གནས་ཚུལ་དེར་རང་དབང་དང་ཕྱི་གསལ་ནང་གསལ་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་མ་ཟད། ཉེས་ཅན་སུ་ཡིན་ལ་འགན་འཁྲི་དགོས་པ་དང་གནོད་འཚེ་ཕོག་པའི་ནང་མིར་གུན་གསབ་སྤྲོད་དགོས་སྐོར་གསུངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་གླིང་ནང་ཁོར་ཡུག་ཉམས་ཆག་ཅི་ཆེ་འགྲོ་བཞིན་པ་དང་ལྷག་པར་དུ་འཛམ་གླིང་ནང་ཚ་དྲོད་ཚད་གཞི་འཕར་བཞིན་པས་མཐོ་སྒང་གི་གངས་བཞུར་བའི་མྱུར་ཚད་ཀྱང་དེ་བཞིན་འཕར་བཞིན་ཡོད་སྟབས་ཆེས་ཛ་དྲག་གི་གནས་སྟངས་སུ་གྱུར་ཡོད་པས་ཚང་མས་སྲུང་སྐྱོབ་འཕྲལ་དུ་གནང་དགོས་སྐོར་བཀའ་སློབ་ལམ་སྟོན་རིམ་ཕེབས་པ་ལྟར། ད་ལམ་དོན་ཁང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་Society for Threatened Peoples ལ་འབོད་སྐུལ་ཞུས་ཐོག་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༡༥ པའི་ཚོགས་ཆེན་གྱི་ཞར་བྱུང་དུ་རྒྱལ་ཚོགས་ནང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་གདན་ཞུས་ཀྱིས་ཚོགས་ཆེན་ནང་མཐོ་སྒང་བོད་ཀྱི་གནམ་གཤིས་སྐོར་གཏམ་བཤད་གནང་རྒྱུ་གོ་སྒྲིག་ཞུས། ཁོང་ནས་གསུང་གསལ་ལ་འདས་པའི་ལོ་ ༤༠ ནང་མཐོ་སྒང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༢༠ ཙམ་བཞུར་ཡོད། ད་ལྟ་བོད་ནང་གནམ་གཤིས་ཚ་དྲོད་རྒྱས་ཚད་དེ་འཛམ་གླིང་སྤྱི་ཡོངས་ཀྱི་གནམ་གཤིས་ཚ་དྲོད་འཕར་ཚད་ལས་ལྡབ་གསུམ་ཙམ་ཆེ་བ་ཡོད། དེར་བརྟེན་མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་བོད་མི་ས་ཡ་དྲུག་ཙམ་མིན་པར་རྒྱ་གར་དང་རྒྱ་ནག་དེ་བཞིན་བོད་ཀྱི་ཁྱེམ་མཚེས་རྒྱལ་ཁབ་ཀྱི་མི་མང་ཐེར་འབུམ་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན། རྒྱ་ནག་གཞུང་གི་གསང་བའི་ཐོག་ཡར་ཀླུངས་གཙང་པོ་དང་འབྲི་ཆུ་དེ་བཞིན་སལ་ཝིན་རྒྱུག་ཆུ་བཅས་ལ་ཆུ་རགས་བརྒྱབ་པ་དེས་རྒྱུག་ཆུ་དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཝི་ཏི་ནམ་དང་ལའོ་སི། ཁེམ་བྷོ་ཌི་ཡ། པ་ཀིསི་ཐན། བྷར་མ། རྒྱ་གར་བཅས་ལ་ཛ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པ་མ་ཟད། རྒྱལ་ཁབ་དེ་དག་གི་སྐྱེ་དངོས་སྣ་མང་ལའང་དོ་ཕོག་ཤུགས་ཆེ་འགྲོ་རྒྱུ་རེད། གལ་ཏེ་རྒྱལ་སྤྱིའི་ཚོགས་པ་དང་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་སེམས་འཚབ་ཡོད་མཁན་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་ཐུབ་ཚེ་འབྱུང་འགྱུར་ལོ་ཤས་ནང་འཐུང་ཆུ་མ་འདང་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན། རྒྱ་ནག་གཞུང་གིས་རྩྭ་ཐང་བདག་གཅེས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་བཙན་དབང་གིས་བོད་ནང་བོད་མི་འབྲོག་ཁྱིམ་ ༧༠༠༠༠༠ ཙམ་གདོད་མའི་འབྲོག་སའི་རྩྭ་ཐང་ནས་སྤོ་བཞུད་ཀྱི་ས་ཁང་ནང་གནས་སྤོ་བྱས་བཅུག་ཡོད་སྐོར་གསུངས། དེ་ནས་ཚོགས་བཅར་བའི་ལྷན་དྲི་བ་དྲིས་ལན་གནང་ཡོད་པ་དང་དེ་རྗེས་Meltdown in Tibet ཞེས་པའི་གློག་བརྙན་བསྟན་ཡོད། སྐབས་དེར་ཨ་རི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། སུད་སི། སྦེལ་ཇེམ། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བཅས་ཀྱི་སྐུ་ཚབ་ཁྱོན་བསྡོམས་མི་གྲངས་ ༤༠ ཙམ་ལྷན་ཞུགས་གནང་ཡོད། རང་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ནས་ཡུ་རོབ་གཞོན་ནུའི་ཚོགས་མི་དང་། སུད་བོད་མཐུན་ཚོགས་ཀྱི་ཚོགས་མི། སུད་སི་གྲོང་ཁྱེར་སྦ་སལ་ནང་གནས་སྡོད་བོད་རིགས་མི་མང། སུད་སི་གཞུང་འབྲེལ་མིན་པའི་ཚོགས་པ་ Green Peace གཞན་ཡང་གཞུང་གི་མི་སྣ་འགའ་རེ་མཇལ་འཕྲད་ཀྱིས་བོད་ནང་གི་ཁོར་ཡུག་གནས་སྟངས་ཛ་དྲག་ཆགས་ཡོད་པས་རྒྱལ་སྤྱི་ཚོགས་སྡེ་དང་མི་མང་ཡོངས་ནས་མཉམ་རུབ་ཐོག་སྲུང་སྐྱོབ་དགོས་སྐོར་གསུངས། ཐེངས་འདིའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཚོགས་ཐེངས་༡༥ ཚོགས་ཆེན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་བཅས་ཀྱི་གནད་དོན་ཐད་དྲིལ་བསྒྲགས་རྒྱ་ཆེ་དང་གང་ལེགས་བྱུང་ཡོད་པ་བཅས།།