༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་བྷེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ སྐོང་ཚོགས་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་ཁག་ལག་བསྟར་མཇུག་གནོན་གནང་ཕྱོགས་སྐོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༠ པའི་ཐོག་བགྲོ་གླེང་དང་འབྲེལ་གྲོས་ཆོད་ཨང་ ༣༧ གཏན་འབེབས་གནང་བའི་ནང། ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་རྣམས་སྤྱི་འཐུས་རྒྱུན་ལས་ནས་དབྱེ་གསེས་ཀྱིས་འབྲེལ་ཆགས་ཁུངས་སོ་སོར་འབུལ་གཏོང་བྱ་རྒྱུ་དང། ཁུངས་སོ་སོའི་ལག་བསྟར་ཐུབ་པ་ཁག་དང། ལག་བསྟར་མ་ཐུབ་པ་རྣམས་ལ་རྒྱུ་མཚན་གསལ་བཤད་དགོས་རྒྱུ་ཞེས་གསལ་བ་བཞིན། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་དོན་ཚན་སོ་སོ་དབྱེ་གསེས་ཀྱིས་བཀའ་ཤག་ཁྱབ་ཁོངས་ལས་ཁུངས་ཁག་དང་བཅས་པར་འབྲེལ་ཆགས་ཆབ་སྲིད་དང་འབྲེལ་བའི་སྐོར་དོན་ཚན་ ༡༢ དང། མང་གཙོ་འཕེལ་རྒྱས་སྐོར་དོན་ཚན་ ༣ ཆོས་དང་རིག་གཞུང་སྐོར་དོན་ཚན་ ༩ དང། གཞིས་ཆགས་སྲ་བརྟན་སྐོར་དོན་ཚན་ ༢༥ དཔལ་འབྱོར་སྐོར་དོན་ཚན་ ༡༢ ཤེས་ཡོན་སྐོར་དོན་ཚན་ ༢༥ བོད་དོན་དྲིལ་བསྒྲགས་སྐོར་དོན་ཚན་ ༡༡ རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར་དོན་ཚན་ ༥ འཕྲོད་བསྟེན་སྐོར་དོན་ཚན་ ༡༣ བཅས་ད་ལམ་ཟླ་ ༡༠ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་དུ་ཕུལ་ཟིན་པ་དང། དེ་བཞིན་འོས་བསྡུ་ལས་ཁང་དང་འབྲེལ་ཆགས་དོན་ཚན་བཞི་གོང་ཚེས་ཉིན་འོས་བསྡུ་ལས་ཁང་ལ་འབུལ་ལམ་ཞུས།
སྤྱི་འཐུས་ལྷན་ཚོགས་དང་འབྲེལ་ཆགས་ཆབ་སྲིད་སྐོར་དོན་ཚན་གཉིས་དང་། མང་གཙོའི་སྐོར་དོན་ཚན་ ༢༠ བཀའ་སྤྱི་ཐུན་མོང་ལ་འབྲེལ་བ་ཆགས་པའི་དོན་ཚན་ ༥༣ ཡོད་པ་ཁུངས་སོ་སོར་ཟུར་འདོན་འབུལ་ལམ་ཞུས་ཡོད་ཅིང་།
སྤྱི་འཐུས་ལྷན་ཚོགས་དང་འབྲེལ་ཆགས་ཆབ་སྲིད་སྐོར་དོན་ཚན་གཉིས་དང། མང་གཙོའི་སྐོར་དོན་ཚན་ ༢༠ བཀའ་སྤྱི་ཐུན་མོང་ལ་འབྲེལ་བ་ཆགས་པའི་དོན་ཚན་ ༥༣ ཡོད་པ་ཁུངས་་སོ་སོར་ཟུར་འདོན་འབུལ་ལམ་ཞུས་ཡོད་ཅིང།
གོང་གསལ་གནད་དོན་ཁག་གི་སྐོར་ཁུངས་སོ་སོ་ནས་ཐག་གཅོད་ལག་བསྟར་ཇི་བྱས་ཁ་གསལ་བྱྱུང་མཚམས་གསལ་བསྒྲགས་ཡོང་རྒྱུ་དང།
ཚོགས་ཆེན་གྱི་མཚན་ཐོག་ནས་ཐད་ཀར་གནང་དགོས་རིགས་ཕྱག་བསྟར་ཟིན་པ་ཁག་གཤམ་གསལ་ལྟར་ཡིན།
ཆབ་སྲིད་དང་འབྲེལ་བའི་དོན་ཚན་དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་མཚན་འཁོད་༸སྙན་ཞུ་ཚོགས་ཆེན་འདིའི་བརྒྱུད་ནས་འབུལ་རྒྱུར་སྤྱི་མོས་བྱུང་སྐོར་མཇུག་བསྡོམས་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱོགས་བསྡོམས་སྙན་ཐོའི་ཆབ་སྲིད་དང་འབྲེལ་བའི་དོན་ཚན་རྣམས་སྙན་སྒྲོན་ཞུ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟབ་གསལ་བཀའ་སློབ་ལམ་བསྟོན་སྤྱི་སྩོལ་མཛད་ཟིན་པ་བརྒྱུད་ལམ་ཁག་མང་ནང་ཐོན་ཟིན་པ་ཡོངས་གྲགས་མཁྱེན་གསལ་ལ་བརྟེན་ཟུར་དུ་གསོལ་འདེབས་༸སྙན་ཞུ་འབུལ་ལམ་ཞུ་མ་དགོས་པ་གནང་ཡོད།
མང་གཙོ་འཕེལ་རྒྱས་སྐོར་གྱི་དོན་ཚན་དང་པོའི་འབྲུ་དོན་བཞིན། སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་བཀའ་དྲིན་རྗེས་དྲན་དང་། མ་འོངས་པར་ཡང་མང་གཙོ་འཕེལ་རྒྱས་གཏོང་རྒྱུའི་ཐོག་མུ་མཐུད་བཀའ་སློབ་དུས་ནས་དུས་སུ་སྩོལ་གནང་ཡོང་བའི་གསོལ་འདེབས་ཀྱི་མཚན་འཁོད་༸སྙན་ཞུ་ཞིག་ཀྱང་འབུལ་ལམ་ཞུས་ཡོད།
ཆབ་སྲིད་དང་འབྲེལ་བའི་དོན་ཚན་ ༡༩ པ་དང། བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་དོན་ཚན་ ༤ པ་ལྟ་བུ་མང་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཐུགས་སྣང་གཞེན་བསྐུལ་གྱི་དོན་ཚན་རྣམས་འབྲེལ་ཆགས་སོ་སོས་ཐུགས་སྣང་དང་ཉམས་ལེན་གནང་རྒྱུར་འདི་བརྒྱུད་བསྐྱར་དུ་སྐུལ་མ་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་དུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༢ ལ།། །།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་ཁག་ལག་བསྟར་འཇུག་སྐྱོང།
གསར་གནས།
འབྲེལ་གནས།