༢༠༡༠ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་བོད་ཀྱི་གསོ་བ་རིག་པའི་ཤེས་ཡོན་གོང་འཕེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཡང་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་། སྐུའི་ཕྱི་ལུགས་བླ་སྨན་ཚེ་བརྟན་ལགས། དབུས་སྨན་རྩིས་ཁང་གི་འགན་འཛིན་རྟ་མགྲིན་ལགས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས། རྡ་ས་ཁུལ་གྱི་གསོ་རིག་སྨན་ཞབས་པ་རྒན་གྲས་ཁག་གཅིག་གི་དབུས། རྡོར་གླིང་ལྕགས་པོ་རི་དང་། ཝ་ར་ཎཱ་སི། སིམ་ལ། མ་ནཱ་ལི། སྤོན་ཊ། ལ་དྭགས་བཅས་ཀྱི་ས་གནས་ནས་སྨན་པ་ཁག་གཅིག་དང་། དབུས་སྨན་རྩིས་ཁང་གི་སྨན་སློབ་སོགས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་མཉམ་ཞུགས་གནང་བའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་ཕྱེ་གནང་མཚམས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་དབུས་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་རྟ་མགྲིན་ལགས་ཀྱིས་རང་གི་མྱོང་བ་དང་ལམ་སྟོན་གསུང་བཤད་གྲུབ་བསྟུན་སྐུའི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་ལགས་ཀྱིས་ལག་བསྟར་བྱེད་མཁན་སྨན་པ་ཚད་ལྡན་དང་ཟབ་སྦྱོང་གི་ཕན་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། ད་ལྟ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དབུས་པའི་རྒྱུན་ལས་ཚོགས་མི་ལྷན་རྒྱས་དང་། བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་སྨན་པ་རྟ་མགྲིན་ལགས། དེ་བཞིན་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་ཚེ་བརྟན་ལགས། ཟབ་ཁྲིད་གནང་མཁན་དང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་པའི་ལོ་ལྔ་བཅུའི་རིང་བོད་ཀྱི་གསོ་བ་རིག་པའི་བསྟན་པ་མི་ཉམས་རྒྱུན་འཛིན་ཆེད་ཉེ་ཆར་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱུང་བ་དེས་གསོ་བ་རིག་པའི་ཆེ་མཐོང་ལ་ཁྱད་པར་ཆེན་པོ་ཞིག་བྱུང་ཡོད། ལྷག་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་མ་ཟད་། སྨན་པ་སྒེར་ནས་སྨན་ཁང་དང་སློབ་གྲྭ་ག་རེ་བཙུགས་ཀྱང་ཀུན་སློང་གཞན་གྱི་དཔལ་འབྱོར་འདུ་འགོད་དང་གསོ་རིག་གཞུང་ལུགས་ཀྱི་མན་ངག་སོགས་ལ་སྲེ་ལྷད་མི་འགྱུར་བ་བྱེད་དགོས། བཙན་བྱོལ་བོད་མི་ཡོངས་ཀྱི་འཕྲོད་བསྟེན་ལྟ་རྟོགས་དེ་འཕྲོད་བསྟེན་ལས་ཁུངས་ལ་འགན་ཡོད། དེར་ཕྱི་ལུགས་དང་གསོ་རིག་ཁག་གཉིས་ཡོད་པ་ལས་གསོ་རིག་སྨན་པ་དང་སྨན་ཁང་ཁག་ལ་གཞུང་གི་ལྟ་རྟོགས་དེ་ཙམ་མེད་པའི་མི་འགའ་ཤས་ལ་མཐོང་ཚུལ་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་རྩིས་ཁང་འདི་རང་ཁ་རང་གསོ་ཐུབ་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། གཞིས་ཆགས་ཁག་ཏུ་ཕྱི་ལུགས་སྨན་ཁང་དེ་དག་ལ་ཆ་བཞག་ནས་སྨན་ཆ་ཚང་ཉོ་དགོས་པ་དང་ལས་བྱེད་ཀྱི་གླ་ཆ་སོགས་གཞན་ལ་བརྟེན་པའི་གནས་སྟངས་ཆགས་ཡོད། དེ་བཞིན་བོད་ཁྱིམ་སོགས་རང་མགོ་ཐོན་ཡོད་པ་དེ་དག་ཤེས་རིག་ལས་ཁུངས་ལ་བརྟེན་མི་དགོས་པ་དེ་ནི་བསྔགས་བརྗོད་ཞུ་འོས་པ་ཡིན། མཐའ་དོན་ཟབ་སྦྱོང་ཚད་ལྡན་ཡོང་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་སྨན་པ་ཐོགས་མེད་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་དངོས་གཞི་གྲོལ། ད་ཐེངས་ཉིན་གསུམ་གྱི་ཟབ་སྦྱོང་དེར་རྒྱ་གར་གཞུང་སྲོལ་རྒྱུན་སྔོ་སྨན་གསོ་རིག་ལྷན་ཁང་གི་མཐུན་འགྱུར་འོག་གསོ་རིག་སྐོར་གྱི་བརྗོད་གཞི་མི་འདྲ་བ་བཅུ་གཉིས་ཙམ་ལ་སྤྱི་ཚོགས་ནང་ཉམས་མྱོང་དངོས་ཀྱི་ལག་ལེན་ཁྲོད་བཞུགས་པའི་སྨན་རམས་པ་དང་ཆེད་ལས་པ་བཅུ་གཅིག་ཙམ་གྱིས་གསུང་བཤད་གནང་རྒྱུ་ཡིན་འདུག་བཅས་སོ།།
བོད་ཀྱི་གསོ་བ་རིག་པའི་ཤེས་ཡོན་གོང་འཕེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།