༢༠༡༠ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཚན་པས་འགོ་ཁྲིད་ཐོག་བུད་མེད་ཀྱི་འགན་ཁུར་སྣེ་ཁྲིད་ཟབ་སྦྱོང་ཞིག་འགོ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་ཟབ་ཁྲིད་པ་ལྕམ་སྐུ་ལེན་ཌ༌ཨོན་ཇེལ་ལེབ་ཆ་ (Lynda Ongel Lepcha) ལགས་དང་། ཕྱག་རོགས་རཱ་ནི་ཨོན་ཇེལ་ལེབ་ཆ་ (Rani Ongel Lepcha) ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་ཟླ་བ་རྡོ་རྗེ་ལགས་དང། ཟུང་དྲུང་དབང་འདུས་ཚེ་རིང་ལགས་དང་། དེ་བཞིན་ལྷན་ཁང་ཁག་གི་མི་རབས་གསུམ་པའི་བུད་མེད་ལས་བྱེད་པ་ ༢༡ ཙམ་མཉམ་ཞུགས་གནང་བའི་ཐོག་མར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་ཚེ་ དབྱངས་ལགས་ཀྱི་ཟབ་སྦྱང་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་བ་དང་སྦྲགས་གསུང་བཤད་གནང་དོན། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེས་གཙོས་ཟབ་སྦྱོང་ལ་བཅར་མཁན་ཡོངས་ལ་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ཟབ་སྦྱོང་འདི་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་ཆེད་ཡིན་པ་དང་ནུབ་ཕྱོགས་པའི་བསམ་བློའི་རྨང་གཞི་ནས་བོད་པའི་སྤྱི་ཚོགས་ནང་སླེབས་པ་དང་། དངོས་ཡོད་གནས་སྟངས་ཞུས་ན་བོད་རང་བཙན་ཡོད་པའི་སྐབས་དང་བཙན་བྱོལ་གནས་སྟངས་སྐབས་ཞུས་ན་ཧ་ལམ་བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་པ་སྤེལ་བའི་ཐབས་ལམ་མེད་པ་ཞིག་རེད།
བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས་ལ་བལྟས་པ་ཡིན་ན་ཐོབ་ཐང་དང་གོ་སྐབས་གནས་སྟངས་སོགས་གཅིག་མཚུངས་ཡིན་པ་ལས་ཁྱད་པར་གང་ཡང་མེད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་བརྒྱུད་རིམ་ནང་བུད་མེད་ཚོ་གལ་ཆེན་ཆགས་ཡོད། བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་གང་ཞིག་ཐག་གཅོད་བྱེད་པའི་སྐབས་བུད་མེད་ཚོ་མཉམ་ཞུགས་ཡོང་བ་ཞིག་གཟིགས་ཏེ་རིམ་པས་སྲ་བརྟན་ཐུབ་པ་ཆགས་ཡོད། འོན་ཀྱང་བཙན་བྱོལ་གཞུང་ངོས་ནས་དེ་སྔ་གཏན་འབེབ་སྲིད་བྱུས་གང་ཡང་བྱུང་མེད་ནའང་དགོས་ཀྱི་ཡོད་པ་ཞིག་དགོངས་མཐུན་བྱུང་ཡོད། སྲིད་བྱུས་དེའང་ནུབ་ཕྱོགས་པའི་བསམ་བློ་དང་སྤྱི་ཚོགས་དེ་འདྲ་ང་ཚོར་དགོས་མཁོ་ཆགས་ཀྱི་མེད། རང་བཙན་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བསམ་བློའི་འཁྱེར་སྟངས་དང་ང་ཚོ་རང་བཙན་མེད་པའི་དབར་ཁྱད་པར་འགྲོ་གི་ཡོད། བུད་མེད་ཚོར་སྤྱི་ཚོགས་ཀྱི་འགོ་ཁྲིད་བྱེད་པའི་ནུས་པ་ཡོད་པའི་སྟེང་བཀའ་ཤག་གི་སྲིད་བྱུས་དོན་ཚན་བརྒྱད་གཏན་འབེབ་གནང་སྟེ་ལས་འགན་དེ་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཚན་པར་གནང་སྟེ་ལས་འགུལ་སྤེལ་བཞིན་པ་ཡིན་པ་དང་། བཙན་བྱོལ་བོད་མིའི་མི་འབོར་གནས་སྟངས་ཐོག་ཆ་བཞག་ནའང་བུད་མེད་དང་སྐྱེས་པ་འདྲ་མཉམ་ཆགས་ཀྱི་ཡོད་པ་མ་ཟད། བོད་མིའི་བདེ་ཐབས་ཀྱི་འགན་ཡོད་མཁན་བཙན་བྱོལ་གཞུང་གི་ལས་བྱེད་གསར་ཞུགས་ནང་བུད་མེད་ཇེ་མང་དུ་འགྲོ་གི་ཡོད་པ་དེས་རྒྱུ་མཚན་ཆ་ནས་མ་འོངས་པར་བུད་མེད་ཚོས་སྤྱི་ཚོགས་འགན་མང་ཙམ་ལེན་དགོས་པ་ཞིག་རང་བཞིན་ཆགས་ཡོད། ལྷག་པར་བོད་པའི་སྤྱི་ཚོགས་ནང་རྒྱུན་དུ་དོ་སྣང་བྱེད་དགོས་པ་ཁག་གཅིག་ཡོད། དང་པོ་སོ་སོའི་ལས་དོན་དེ་སྤྱི་ཚོགས་ལ་ཆེ་མཐོང་དགོས་པ། གཉིས་པ་ཐག་གཅོད་བྱེད་རྒྱུའི་སྤོབས་པ་དགོས་པ། གསུམ་པ་གསར་གཏོད་ཀྱི་རྣམ་པ་དགོས་པ། བཞི་པ་སྤྱི་ཚོགས་ཀྱི་སྣེ་ཁྲིད་དང་འགན་འཁྱེར་རྒྱུའི་བསམ་པ་དགོས་པ། ལྔ་པ་ལས་རོགས་ཚོའི་དབར་གོ་ཤེས་ཉན་ཤེས་དགོས་པ་བཅས་དེ་དག་འགོ་ཁྲིད་ཆགས་རྒྱུའི་ཆ་རྐྱེན་འདི་དག་ཉིན་རེ་བཞིན་ལག་ལེན་བསྟར་ཏེ་མ་འོངས་པར་བཙན་བྱོལ་གཞུང་གི་འགན་དེ་རྣམ་པ་ཚོར་སླེབས་རྒྱུ་ཡིན་པས་ད་ལྟ་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། ལྕམ་སྐུ་ལིན་ཌ་ལགས་དང་རཱ་ནི་ལགས་གཉིས་ཀྱིས་གསུང་བཤད་རིམ་པས་གནང་རྗེས་ད་ཐེངས་ཀྱི་ཉིན་བཞིའི་ཟབ་སྦྱོང་དེ་དབུ་འཛུགས་གནང་ཡོད་པ་བཅས།།