༢༠༡༠ ཟླ་ ༡༠ ཚེས་ ༦ རེས་གཟའ་ལྷག་པ།
༅༅། །བལ་ཡུལ་སྲིད་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཚོར་འོས་ཤོག་འཕེན་རྒྱུར་དམ་བསྒྲགས་བྱས་པ་དེར་ནོར་ཝེ་ (Norway) སྲིད་གཞུང་གིས་བལ་ཡུལ་གཞུང་ལ་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ནོར་ཝེའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་ནས་ནོ་ཝེ་གཞུང་ལ་ཕུལ་འདུག ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མི་རང་ལོ་ ༡༨ སོན་པ་ཡན་ནས་བཀའ་སྤྱིའི་སྔོན་འགྲོའི་འོས་ཤོག་འཕེན་ཡོད། ནོ་ཝེ་ནང་རྟེན་གཞིས་བྱས་པའི་བོད་མི་རྣམས་ཀྱིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཁང་དུ་(Human Right House) བོད་མི་བརྒྱ་ཆ་ ༧༦ ཙམ་གྱིས་ནོ་ཝེའི་ནང་འོས་ཤོག་འཕེན་རྒྱུའི་ལམ་ལུགས་ལྟར་འོས་ཤོག་འཕེན་ཡོད། ནོར་ཝེར་གནས་སྡོད་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་ཐོག་ཞི་བདེའི་ངང་འོས་འཕེན་སྐབས་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་བལ་ཡུལ་གྱི་སྐོར་སྲུང་བས་བཙན་གནོན་བྱས་ཏེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ས་གནས་ཀྱི་འོས་ཤོག་གི་ས་ཚིག་ཁག་གསུམ་གྱི་འོས་སྒམ་བཙན་འཕྲོག་བྱེད་པར་བསྐྱོད་ཡོད། འདི་ནི་རང་དབང་གི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལོག་པར་སྤྱོད་པ་དང་འོས་འཕེན་རྒྱུའི་ཐོབ་ཐང་རྩ་གཏོར་བཏང་བ་ཞིག་ཡིན། དེར་བརྟེན་ནོ་ཝེའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ནོ་ཝེ་གཞུང་ལ་བལ་ཡུལ་གཞུང་གིས་བོད་མི་་སྐྱབས་བཅོལ་བ་ཚོར་བཙན་གནོན་འདི་ལྟར་བྱས་པར་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག