༢༠༡༠ ཟླ་ ༡༠ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གཞུང་མང་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་ཆེ་བ་བསྐྱངས་བ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་མེག་གྷན་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་ནས་བཀའ་ཁྲི་སྐབས་ ༣ དང་སྤྱི་འཐུས་སྐབས་ ༡༥ སྔོན་འགྲོའི་འོས་ཤོག་འཕེན་ཡོད། དེ་ཡང་རྡ་ས་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་འོག་རྡ་ས་ས་གནས་བདེ་དོན་ནས་བཀའ་སྤྱིའི་སྔོན་འགྲོའི་འོས་འཕེན་གྱི་ས་ཚིགས་བཙུགས་སྟེ་དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་འོས་ཤོག་གི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་མ་ཟད།
རྡ་ས་གངས་སྐྱིད་ཁུལ་དུ་གནས་སྡོད་བཙན་བྱོལ་བོད་གཞུང་སྲི་ཞུ་བ་རྣམས་ཀྱི་གཙོས་མི་མངས་རྣམས་ནས་སྔ་དྲོ་ཆུ་ཚོད་ ༩ ནས་ཉིན་རྒྱབ་ཆུ་ཚོད་ ༡ བར་འོས་འཕེན་ཡོད་པ་བཅས།།