༄༅། རང་གཞུང་ལས་ཁུངས་ཆེད་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་གསར་འདེམས་བསྐོ་ གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་ མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
༡༽ འགན་འཛིན་གཞུང་ཞབས་སྡེ་ཚན་ཁོངས་དྲུང་གཞོན་ ༤ དང་། དྲུང་ལས་ ༧ ལས་ བྱའི་གཞུང་ཞབས་སྡེ་ཚན་ཁོངས་ལས་དྲུང་ ༡༦ དང་། རྒན་དྲུང་ ༤ གཞོན་དྲུང་ ༣ ལས་བྱ་ ༢ བཅས་ཀྱི་ས་མིག་སྟོང་པ་གྲངས་ ༣༦ ཡོད།
དགོས་ངེས་ཆ་རྐྱེན།
ཀ༽ ཤེས་ཚད། དྲུང་གཞོན་དང་། དྲུང་ལས་ཀྱི་གནས་རིམ་ལ་ཉུང་མཐར་ཚད་ལྡན་མཐོ་རིམ་སློབ་གྲྭ་ཞིག་ནས་ (B.A/B.Com/B.Sc) ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ་དང་། ལས་དྲུང་། རྒན་དྲུང་། གཞོན་དྲུང་བཅས་ལ་འཛིན་རིམ་ ༡༢ ཐོན་པའི་ལག་འཁྱེར་ཚད་ལྡན་དང་། ལས་བྱ་ལ་འཛིན་རིམ་བརྒྱད་པ་ཐོན་པ་དགོས།
ཁ༽ ལོ་ཚད། ༢༠༡༠།༡༡།༣༠ བར་དྲུང་གཞོན་དང་དྲུང་ལས་གནས་རིམ་ལ་རང་ལོ་ ༣༥ ལས་མ་བརྒལ་བ་དང་། ལས་དྲུང་དང་རྒན་དྲུང་ལ་རང་ལོ་ ༤༠ ལས་མི་བརྒལ་བ། གཞོན་དྲུང་ལ་རང་ལོ་ ༣༠ ལས་མི་བརྒལ་བ། ལས་བྱ་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མི་བརྒལ་བ་བཅས་དགོས་རྒྱུ།
ག༽ རྒྱུགས་གཞི། རྒྱུགས་བཞེས་ཨང་རིམ་སྩལ་ཕྱོགས་གཏན་འབེབས་སྒྲིག་གཞི་ལྟར་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་ཇི་དགོས་ལྟར་ལེན་རྒྱུ།
རྒྱུགས་བཞེས་ཀྱི་ལས་དོན་སྟབས་བདེ་དུས་ཐོག་མཇུག་བསྒྲིལ་ཐུབ་ཐབས་སུ་དྲུང་གཞོན་དང་། དྲུང་ལས་ལ་འཚང་སྙན་འབུལ་མཁན་རྣམས་སྡེ་ཚན་དང་པོ་དང་། ལས་དྲུང་དང་། རྒན་དྲུང་། གཞོན་དྲུང་བཅས་ལ་སྙན་ཞུ་འབུལ་མི་རྣམས་སྡེ་ཚན་གཉིས་པ། ལས་བྱ་ཡིག་གད་ལ་སྙན་འབུལ་ཞུ་མཁན་རྣམས་སྡེ་ཚན་གསུམ་པ་བཅས་ཚོ་ཁག་གསུམ་ཆ་བགོས་ཞུས་ཡོད་དོན་འཚང་སྙན་འབུལ་མཁན་རྣམས་ནས་རང་རང་སོ་སོའི་འདོད་མོས་ཇི་བཞིན་གོང་གསལ་གནས་རིམ་སོ་སོའི་སྡེ་ཚན་གང་དགའ་གཅིག་ལས་མང་བར་འཚང་སྙན་འབུལ་མི་ཆོག
༢༽ རྩིས་ཞིབ་ལས་ཁུངས་ཀྱི་ཆེད་འགན་འཛིན་གཞུང་ཞབས་སྡེ་ཚན་ཁོངས་དྲུང་གཞོན་ ༡ དང་། དྲུང་གཞོན་ལས་རོགས་ ༡ སྦེལ་ཀོབ་ཡན་ལག་ཏུ་ཁང་བསྲུང་། མཚན་བསྲུང་། ཡིག་གད་གཅིག་ལྕོགས་ལས་བྱ་ ༡ བཅས་ཀྱི་ས་མིག་སྟོང་པ་གྲངས་ ༣ ཡོད།
དགོས་ངེས་ཆ་རྐྱེན།
ཀ༽ ཤེས་ཚད། དྲུང་གཞོན་དང་དྲུང་ལས་ལ་ཉུང་མཐར་ཚད་ལྡན་མཐོ་རིམ་སློབ་གྲྭ་ཞིག་ནས་ B.Com ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་གནས་ཚད་མཉམ་པའི་རྩ་འཛིན་འཕེར་བའི་ལག་ འཁྱེར་དང་། ལས་བྱ་ལ་འཛིན་རིམ་བརྒྱད་པ་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
ཁ༽ ལོ་ཚད། ༢༠༡༠།༡༡།༣༠ བར་དྲུང་གཞོན་དང་དྲུང་ལས་ལ་རང་ལོ་ ༣༥ ལས་མ་བརྒལ་བ་དང་། ལས་བྱ་ལ་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ་དགོས་རྒྱུ།
ག༽ རྒྱུགས་གཞི། རྒྱུགས་བཞེས་ཨང་རིམ་སྩལ་ཕྱོགས་གཏན་འབེབས་སྒྲིག་གཞི་ལྟར་བོད་ཡིག་དང་རྩིས་ཀྱི་འབྲི་རྒྱུགས། བོད་དབྱིན་ངག་རྒྱུགས་ལེན་རྒྱུ།(དྲུང་གཞོན་དང་དྲུང་ལས་ཀྱི་ཡིག་རྒྱུགས་སྡེ་ཚན་གཅིག་ཏུ་བཏང་རྒྱུ་དང་། ལས་བྱ་ལ་བོད་དབྱིན་ངག་རྒྱུགས་ལེན་རྒྱུ།)
གོང་གསལ་སྡེ་ཚན་སོ་སོར་ཆ་རྐྱེན་ལྡན་རིགས་ནས་འདི་ག་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། རང་གཞུང་གི་དྲ་རྒྱ་ www.tibet.net བཅས་ནས་འཚང་སྙན་འགེངས་ཤོག་ཞུས་ཏེ་འགེངས་ཤོག་ནང་གསལ་འཚེམས་ལུས་མེད་པ་འཐུས་ཚང་བཀང་སྟེ།
(༡) རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་གཉིས་རེ་དང་།
(༢) ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་ངོ་བཤུས། (Marksheet & Certificate)
(༣) འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
(༤) གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
(༥) བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིནཔའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ། (བདེ་ལེགས་སྨན་ཁང་གི་ངོ་སྦྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མཚན་རྟགས་ཞུ་དགོས།)
(༦) སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་བཅུ་པའི་ལག་འཁྱེར་ངོ་བཤུས་གང་རུང་།
(༧) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ། (Character Certificate)
(༨) གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་ཆན་ལས་དམ་ (Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༠ ཕྱི་ཟླ་ ༡༡ ཚེས་ ༣༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང་། ཁ་དཔར་ཨང་གྲངས། (E-Mail) ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་ འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་འབོད་བརྡ་ལམ་སྟོན་འབྱོར་བསྟུན་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215,
Distt.Kangra (H.P)
Telefax: –01892-226240/222328
E-mail: [email protected]