༢༠༡༠ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༡ ནས་ ༡༢ བཅས་ཉིན་གཉིས་རིང་ཨ་རིའི་ཁལ་ལི་ཕོར་ནི་ཡའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སཊྣ་ཕོཌ་གཙུག་ལག་སློབ་ཁང་(Standford University) དུ་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ཆས་རང་དབང་ཐོབ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུ་དེར་དཀྱིལ་ཤར་ཨེ་ཤི་ཡ་དང་ཨུ་རུ་སུ། ཁུ་བྷ། རྒྱ་ནག་བཅས་ནས་ཚོགས་བཅར་བ་ཕེབས་ཡོད་པ་མ་ཟད། ཨ་རིའི་མང་གཙོའི་སྒྲིག་འཛུགས་(National Endowment for Democracy) ཞེས་པའི་སྐུ་ཚབ་འཐུས་མི་དང། ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་དང་བྷར་ཀ་ལེ་གཙུག་ལག་སློབ་གྲྭ སཊྣ་ཕོཌ་གཙུག་ལག་སློབ་གྲྭ ནིའུ་ཡོཀ་གཙུག་ལག་སློབ་གྲྭ དེ་བཞིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ (TCRC) འགན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་དང་། བོད་ཀྱི་ལས་འགུལ་ཚོགས་པའི་སྐུ་ཚབ་འཐུས་མི་བཅས་མཉམ་ཞུགས་བྱས་ཡོད། ཚོགས་འདུ་དེ་བཞིན་སཊྣ་ཕོཌ་གཙུག་ལག་སློབ་ཁང་གི་མང་གཙོ་དང་ཡར་རྒྱས། ཡུལ་ཁྲིམས་ཉམས་ཞིབ་བསྟི་གནས་ཁང་དང་། (Freeman Spogli Institution for International Studirs ) ཞེས་པའི་ཚོགས་པ། དེ་བཞིན་ཧུ་ཝར་བསྟི་གནས་ཁང་(Hoover Institution) བཅས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཕྱི་ཚེས་ ༡༡ ཉིན་ཚོགས་འདུ་དབུ་འཛུགས་སྐབས་སྐུ་ཞབས་ལེ་རི་ཌའི་མོན་ (Larry Diamond) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ངོ་སྤྲོད་གསུང་བཤད་གནང་དོན། ངས་ཚོགས་བཅར་བ་ཡོངས་ལ་སཊྣ་ཕོཌ་གཙུག་ལག་སློབ་གྲྭར་ཕེབས་ཏེ་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ཆས་རང་དབང་ཐོབ་ཐབས། ཞེས་པའི་རྒྱལ་སྤྱིའི་ཚོགས་འདུར་ཕེབས་མཁན་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོའི་ཚོགས་འདུའི་བརྗོད་གཞི་འདིར་རྒྱལ་སྤྱིའི་ནང་མཁས་དབང་དང་ལས་འགུལ་བ། ཆབ་སྲིད་བྱུས་བཀོད་པ་བཅས་ཀྱི་ཁྲོད་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད། བརྗོད་གཞི་འདིའི་ཐོག་ཚོགས་པ་འདྲ་མིན་ཁག་ནས་ཁྱད་དུ་འཕགས་པའི་མི་སྣ་འདྲ་མིན་མཉམ་འཛོམས་བྱུང་ཡོད་ཅེས་གསུངས། ཚོགས་འདུའི་སྐབས་གཏམ་བཤད་གནང་མཁན་ཁོངས་ཨ་རིའི་ཐེབས་རྩ་གསར་པ་ (New American Foundation) ཞེས་པའི་སྐུ་ཚབ་འཐུས་མི་ལྕམ་རེ་བྷེཀ་ཀ་མག་ཀི་ནོན་ (Ms. Rebecca Mackinnon) ལགས་ཀྱིས་གཏམ་བཤད་སྐབས་རྒྱ་ནག་ནང་དྲྭ་རྒྱའི་ཐོག་དམ་བསྒྲགས་ཇི་འདྲ་བྱེད་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་དྲྭ་ལམ་རང་དབང་གིས་འཛམ་གླིང་ནང་ཤུགས་སྣོན་ཇི་ཡོད་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད། དེ་རྗེས་སྐུ་ཞབས་ཝ་ལིཌ་ཨལ་ས་ཕག་ (Mr. Walid AL-SAQAF) ལགས་ཀྱིས་དྲྭ་རྒྱར་དམ་བསྒྲགས་བྱས་པ་དེར་ཁ་གཏད་གཅོག་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང། དེ་རྗེས་ཞུགས་མོལ་ཚོགས་འདུའི་སྐབས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ (TCRC) འགན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་སྐོར་དང་ལྷག་པར་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ (TCRC) ལས་ཀའི་ངོ་བོ་དང་གཞུང་གི་དྲྭ་རྒྱ་ལ་(GhostNet) དང་། (Shadow in the Cloud) ཞེས་པའི་དྲྭ་རྒྱར་གནོད་སྐྱེལ་མཁན་གྱི་ཚོགས་པ་དེ་གཉིས་བརྒྱུད་བཙན་བྱོལ་བོད་གཞུང་གི་དྲྭ་རྒྱར་གནོད་པ་སྐྱེལ་ཐབས་བྱེད་བཞིན་ཡོད་པ་ཁེ་ཎ་ཌར་རྟེན་གཞི་བྱས་པའི་ཊོ་རོན་ཊོའི་གཙུག་ལག་སློབ་གྲྭའི་ (Citizen Lab) ཚོད་ལྟ་ཁང་གིས་ངོས་འཛིན་གསལ་པོ་བྱུང་ཡོད་སྐོར་སོགས་གསལ་བཤད་མཐིལ་ཕྱིན་པ་གནང་འདུག་པ་བཅས།།
གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ཆས་རང་དབང་ཐོབ་ཐབས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།