༢༠༡༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༡ ནས་ ༡༣ བར་ཉིན་གསུམ་རིང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང། བདེ་ལེགས་སྨན་ཁང་། ཨི་ཊ་ལི་མི་མང་ཁྲོད་གདུང་སེམས་མཉམ་སྐྱེ་ལྷན་ཚོགས་(Italian Association for Solidarities Among People) བཅས་ཀྱིས་གོ་སྒྲིག་ཐོག་ཀྲི་སྦི་ (TB) སྔོན་འགོག་དང་འབྲེལ་བའི་ལས་གཞིའི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་སྤྱི་ཐབ་ཀྱི་ཡང་སྟེང་ཚོགས་ཁང་དུ་འཕྲོད་བསྟེན་དྲུང་ཆེ་དབང་ཕྱུག་ཕ་ཟུར་ལགས་ཀྱི་གཙོས་འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང། ཟབ་འཁྲིད་གནང་མཁན་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས། ཨི་ཊ་ལི་རོགས་ཚོགས་ཀྱི་སྐུ་ཚབ་སྨན་པ་ཁག་གཅིག བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྡ་ས་དང་ཕྱོགས་མཐའ་ཁག་གི་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་སྨན་པ་དང་འཕྲོད་ལས་པ། གདན་ས་ཆེ་བ་གསུམ་དང་རྒྱུད་སྟོད་སྨད་ཀྱི་འཕྲོད་ལས་པ། སློབ་གྲྭའི་འཕྲོད་ལས་པ་བཅས་ཁྱོན་མི་གྲངས་ ༥༥ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་གནང། དེ་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ཟབ་འཁྲིད་པ་རྣམས་ངོ་སྤྲོད་དང་འབྲེལ་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས་འཕྲོད་བསྟེན་དྲུང་ཆེས་གསུང་བཤད་གནང་དོན།
ཕྱི་ལོ་ ༢༠༠༨ ལོར་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་རྣམ་གསུམ་ཨི་ཊ་ལིར་ཆེད་ཕེབས་ཀྱིས་AISPO དང་ལྷན་ཀྲི་སྦི་འགོག་བཅོས་དང་འབྲེལ་བའི་ལས་གཞིའི་ཐོག་གན་འཇོག་གནང་བ་ལྟར། AISPOནས་སྐུ་ཚབ་ཆེད་འཛུགས་དང་འབྲེལ་ཀྲི་སྦི་འགོག་བཅོས་ཀྱི་ལས་གཞི་ལག་བསྟར་བྱེད་བཞིན་པའི་ཁོངས་ནས་ཨ་རི་ཇོན་སི་ཧོབ་ཀིན་སི་གཙུག་ལག་སློབ་ཁང་(Johns Hopskin University) དང་མཉམ་རུབ་ཀྱིས་ཀྲི་སྦིའི་ནད་བཅོས་ལག་དེབ་ TB Manual གསར་བཟོ་བྱས་པ་དང་ཆབས་ཅིག་ལས་དོན་ཞུ་ཕྱོགས་སྐོར་ཚོགས་འདུ་འདི་འཚོགས་བཞིན་ཡོད། ཅེས་གསུང་བཤད་གནང་བ་དང་ལྷན་ཟབ་སྦྱོང་གོ་སྒྲིག་གནང་མཁན་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲཤིས་བདེ་ལེགས་ཞུས། དེ་བཞིན་ཁོང་གིས་གསུང་དོན། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོར་ཀྲི་སྦི་སྔོན་འགོག་དང་བཅོས་ཐབས་ཀྱི་སྦྱོང་བརྡར་ཐོག་ཐུགས་འགན་བཞེས་ཏེ་ས་གནས་སུ་ལག་བསྟར་ཐུབ་པ་གནང་རྒྱུ་དང། འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་། སྨན་ཞབས་པ། ལས་བྱེད། ཚོགས་སྡེ་དང་དགོན་སྡེ་ཁག་གི་སྨན་པ་དང་སྨན་ཞབས་པ་བཅས་ཚང་མའི་ལས་དོན་གྱི་ངོ་བོ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་འགན་འཁུར་ཞུ་རྒྱུ་ཡིན་སྟབས་རྒྱུན་དུ་ནས་ལས་དོན་ཐོག་ཕན་ཚུན་གོ་བསྡུར་དང་བགྲོ་གླེང་གི་འབྲེལ་བ་དམ་ཟབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། འདས་པའི་ལོ་ནང་ཆ་བཞག་ན་བོད་མིིའི་ཁྲོད་ཀྲི་སྦི་ན་མཁན་བརྒྱ་ཆ་ ༣༠ ཡན་མན་བྱུང་ཡོད། འོན་ཀྱང་ད་ལྟའི་ཆར་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་སྒོས་བཙན་བྱོལ་བོད་གཞུང། དེ་བཞིན་རྒྱ་གར་གཞུང་དང། ཕྱི་རྒྱལ་རོགས་ཚོགས་བཅས་ཀྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གཞིས་ཆགས་ཁག་གསར་འཛུགས་དང་འབྲེལ་རིམ་བཞིན་སྨན་ཁང་གསར་འཛུགས་སོགས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཐུགས་སྣང་ཆེ་བཞེས་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱིས་འཕྲོད་བསྟེན་གྱི་གནས་སྟངས་སྒོ་གང་ས་ནས་ཡར་རྒྱས་དང་ཀྲི་སྦི་ནད་པའང་གང་ཙམ་ཉུང་དུ་ཕྱིན་ཡོད། མཐའ་དོན་ཐེངས་འདིའི་ཟབ་སྦྱོང་ཁོངས་ཚོགས་ཞུགས་བ་རྣམས་ནས་ཐུགས་སྣང་དང་ཆ་ཤས་ཡོངས་རྫོགས་ལེན་རོགས་ཞུ་རྒྱུ་དང། ཟབ་སྦྱོང་གོ་སྒྲིག་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་ཨི་ཊ་ལིའི་གཞུང་དང་AISPO རོགས་ཚོགས་གཙོས་པའི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་སྦྱོང་བརྡར་གནང་མཁན་སྨན་པ་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་བོད་མིའི་ནང་ཀྲི་སྦིའི་ནད་གཞི་སྐོར་དང། དེ་ལ་གཞུང་ངོས་ནས་བཅོས་ཐབས་འབད་བརྩོན་ཇི་གནང་། ནད་གཞི་དེ་དག་གི་འབྱུང་ཁུངས་ཇི་ཡིན་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྗེས་AISPO རོགས་ཚོགས་ཀྱི་སྐུ་ཚབ་(Dr.Fulvio Salvo) ལགས་ཀྱིས་གསུང་བཤད་གནང་ཡོད། དེ་རྗེས་རིམ་བཞིན་ཟབ་འཁྲིད་པ་རྣམས་ཀྱིས་མུ་མཐུད་ཟབ་སྦྱོང་གནང་རྒྱུ་ཡིན་འདུག་པ་བཅས།།