༢༠༡༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཉེ་ལམ་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༸གོང་ས་མཆོག་གི་དགོངས་པ་དཀྲུགས་ནས་མགོན་པོ་མཆོག་དགོངས་པ་འཚོམ་པ་རེད་ཟེར་བའི་དཀྲོག་གཏམ་སྤེལ་ཏེ། ༸གོང་ས་མཆོག་ལ་མཚན་སྨད་དང་གཞོན་ལྷན་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་གླེང་ཕྱོགས་བཟོ་བཞིན་པར་བརྟེན། དེའི་ཐད་དོན་དངོས་གསལ་བཤད་ཞུ་རྒྱུར། འདི་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་བཅར་བ་རྣམས་ལ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༤ ཉིན་༸གོང་ས་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ་པས་མ་ཟད། ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་ཟབ་རྒྱས་སྩལ་ཏེ། སྒྲིག་འཛུགས་ལ་སྔར་ལྷག་རེ་སྤོོབས་དང་འགན་འཁུར་གྱི་སྟོབས་ཤུགས་གསར་པའི་གཟི་སྦྱིན་ཞིག་ཐོབ་ཡོད། འོན་ཀྱང་། བློ་ཕམ་པ་ཞིག་ལ་སྐབས་དེར། ནིའུ་ཡོཀ་ས་གནས་ཀྱི་ཚོགས་བཅར་བ་ཕུར་བུ་ཚེ་རིང་སྒེར་ངོས་ནས་དེ་སྔོན་ནིའུ་ཡོཀ་ཏུ་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་བ་དེ་ཉིད་གོ་བ་ཆ་ཚང་ལོན་མ་ཐུབ་པའི་ཁར་ཁོ་རང་བཀའ་ཁྲིའི་གསུང་བཤད་དེར་བློ་ཕམ་ཡོད་ལུགས་དང། ད་དུང་གསུང་བཤད་ནང་མེད་པའི་གནས་ཚུལ་སོགས་འབྲེལ་མེད་གནད་དོན་སྙན་སེང་ཞུས་པར། མགོན་པོ་གང་ཉིད་མཆོག་ཐུགས་ཕམ་གྱུར་པར་བརྟེན། གཞོན་ལྷན་ཚོགས་ཆེན་མིང་ཐོག་ནས་འཕྲལ་དུ་མགོན་པོ་གང་ཉིད་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་བར། ༸གོང་ས་མཆོག་གིས་གཞོན་ལྷན་སྒྲིག་འཛུགས་ལ་ཐུགས་ཕམ་དང་དགོངས་པ་འཚོམ་མེད་པས། ཁྱེད་རང་ཚོས་བློ་བདེ་པོའི་ཐོག་ནས་ཚོགས་ཆེན་མུ་མཐུད་དེ་ཚོགས༌དགོས་པའི་བཀའ་བཟང་ཕེབས་པར་ཚོགས་བཅར་ཡོངས་བློ་བདེར་གྱུར་བ་དང། དེ་རྗེས་གཞོན་ལྷན་སྒྲིག་འཛུགས་ནས་ལམ་སྟོན་ལྟར། ཕུར་བུ་ཚེ་རིང་སྒེར་ངོས་ནས་ཀྱང་མགོན་པོ་གང་ཉིད་མཆོག་ལ་ལྷ་དགོངས་གསལ་དྭངས་ཡོང་བའི་མཐོལ་བཤགས་ཞུས་པར། མགོན་པོ་གང་ཉིད་མཆོག་ཕུར་བུ་ཚེ་རིང་སྒེར་ངོས་ལ་ཡང་ལྷ་དགོངས་གསལ་དྭངས་གྱུར་པའི་ཞལ་བཞེས་ཐོབ་པ་དང་འབྲེལ། གནད་དོན་གཙང་སེལ་ཆགས་ཟིན་ཡོད།
སྤྱིར་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞིའི་དང་པོ་ནི། “གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་འོག་ཤར་སྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག བོད་གཞུང་འབངས་སྤྱི་དོན་ལ་ལྷག་བསམ་ཁུར་ལེན་ཞུ་རྒྱུ་རྨང་གཞིར་འཁྱེར་བ་” ཞེས་པའི་རྩ་དོན་གཞོན་ལྷན་སྒྲིག་འཛུགས་དབུ་བརྙེས་པ་ནས་ད་བར་རྒྱུན་བཅངས་ཞུས་དང་ཞུ་བཞིན་ཡོད་ཅིང་། མ་འོངས་པར་ཡང་དུས་དང་གནས་བབ་ཇི་ལྟར་འགྱུར་རུང། དམིགས་ཡུལ་དེ་ཉིད་སྲོག་བཞིན་རྩ་འཛིན་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་རྩ་བ་ཉིད་ནས་མེད། གཞོན་ལྷན་གྱིས་ད་བར་བོད་རང་བཙན་སླར་གསོའི་ཐོག་འབད་བརྩོན་བྱེད་པའི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་མེད་ཀྱང་། རང་གི་གཞུང་ལ་གུས་བཀུར་དང་ངོས་འཛིན་བླ་མེད་དུ་ཞུས་པའི་ཐོག་ནས་རྒྱུན་ལྡན་ཞུ་སྒོ་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལྟ་གྲུབ་འོག འཐབ་རྩོད་ཀྱི་འགན་ཁུར་ཏེ། ལྷག་བསམ་རྣམ་དག་ཞུ་བཞིན་པར་བརྟེན། ༸གོང་ས་མཆོག་གིས་མང་གཙོའི་ལྟ་གྲུབ་དང་ཐོབ་ཐང་ལ་ངོས་འཛིན་མཛད་དེ་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་རྩོད་ལེན་བྱེད་པ་དེ་ཐོབ་ཐང་རེད་ཅེད་ཉེ་ལམ་ཡང་ཡོངས་གྲགས་ཐོག་བཀའ་སློབ་ཕེབས་ཡོད་པ་ལས། ད་བར་གཞོན་ལྷན་གྱི་རང་བཙན་རྩོད་ན་མི་འོས་པ་དང། ཐུགས་ཕམ་བཟོས་ཚུལ་ནམ་ཡང་བཀའ་སྩལ་མཛད་མྱོང་མེད་ལ། གཞོན་ལྷན་གྱི་ངོས་ནས་ཀྱང་༸རྒྱལ་བའི་བཀའ་དགོངས་དང་མང་གཙོའི་ལྟ་གྲུབ་ལས་མ་བརྒལ་བར། བོད་ཀྱི་ལོ་རྒྱུས་དང་བོད་མིའི་མདུན་ལམ་ལ་དམིགས་ཏེ་སྤྱི་དོན་འགན་ཁུར་ཞུ་མུས་ཡིན་པའི་གསར་འགོད་གསལ་བསྒྲགས་སུ།།
༸གོང་ས་མཆོག་གིས་གཞོན་ལྷན་སྒྲིག་འཛུགས་ལ་ཐུགས་ཕམ་དང་དགོངས་པ་འཚོམ་མེད་པའི་བཀའ་བཟང་ཕེབས་ཡོད་པ།
གསར་གནས།
འབྲེལ་གནས།