༢༠༡༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་༸གོང་ས་མཆོག་གི་མཛད་འཆར་གཙོ་གལ་ཆེ་བ་གཉིས་བསྐྱངས་ཡོད་པ་ནི་ཞོཌ་པ་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་གི་ཉེ་འཁྲིས་སན་ཧོ་སི་(San Jose) འདུ་འཛོམས་བསྟི་གནས་ཁང་དུ་བོད་རིགས་མང་ཚོགས་དང་། བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མཱ་ལ་ཡའི་མི་མང་རྣམས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད། དེ་ཡང་བྱང་ཁལ་ལི་ཕོར་ནི་ཡ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདན་ཞུའི་གསོལ་འདེབས་དང་གོ་སྒྲིག་ཞུས་པ་ལྟར།
ཚོགས་པའི་ཚོགས་གཙོ་དང་དབུས་རྒྱུན་ལས་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་གཞོན་སྐྱེས་འཁྲབ་སྟོན་པ་ཚོས་གྲོ་སོ་ཕྱེ་མར་འདེགས་འབུལ་དང་། བཀྲ་ཤིས་ཞོལ་པ་གཟིགས་འབུལ་གྱིས་བོད་ལུགས་ཀྱི་ཕེབས་བསུ་ཞུས། ༸གོང་ས་མཆོག་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་མ་ཐག་སྤྱི་མཐུན་ཚོགས་པའི་རིག་གཞུང་འཁྲབ་སྟོན་ཚོགས་པས་རྔ་རོལ་དང་ཆབས་ཅིག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་རྗེས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་རྡོ་ཨོ་དཀར་ཚང་ནས་ལྷན་ཚོགས་དེར་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་ཡོད་པའི་ནང། ཚོགས་པའི་ཁོངས་སུ་བོད་མི་ ༢༠༠༠ ཡོད་པ་དང་། བོད་མི་དེ་དག་གི་ཆེད་དུ་ད་ཆ་སྤྱི་ཁང་ཞིག་ཀྱང་རག་ཟིན་པས་མ་འོངས་པར་འདི་ཁུལ་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་སྤྱི་ཁང་གསར་པར་རབ་གནས་གནང་སྐྱོང་ཡོང་བའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུན་ཡིན་ཞེས་ཞུས་ཡོད། ཡང་ཁོང་གིས་ཉེ་ཆར་མཇུག་སྒྲིལ་ཙམ་ཡིན་པའི་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུ་ཆེན་མོའི་སྐབས་དེབ་སྐྱེལ་བྱེད་མཁན་བོད་མི་གྲངས་ ༤༨༠ བྱུང་བ་དང་། བཅུ་པའི་གསུམ་ཉིན་གྱི་སྔོན་འགྲོའི་འོས་འདེམས་སྐབས་དངོས་སུ་འོས་འཕེན་མཁན་བོད་མི་ ༣༣༧ བྱུང་ཚུལ་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བོད་པའི་ཆོས་དང་རིག་གཞུང་ནི་གཞན་དང་མི་འདྲ་པའི་ཕྱུག་པོ་ཡིན་པའི་སྐོར་བཀའ་སློབ་ཕེབས་དོན། བོད་ཡིག་ནང་ཡོད་པའི་བསྟན་འགྱུར་ནི་རྒྱ་ཡིག་ནང་ཡོད་པ་ལས་ཞེ་དྲགས་ཀྱི་རྒྱ་ཆེ་བ་དང་གཏིང་ཟབ་པ་འདུག འདས་པའི་ལོ་ལྔ་བཅུའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ང་ཚོ་བོད་མི་ཚོ་ཡག་ཐག་ཆོད་རེད་ཅེས་བཀའ་ཕེབས། ༸གོང་ས་མཆོག་གིས་ཚོགས་ཡོངས་སུ་བཀའ་སློབ་སྩལ་དོན། བོད་པའི་ཐུན་མོང་མ་ཡིན་པའི་ཕ་མེས་ནས་ཡོད་པའི་རིག་གཞུང་ཕྱུག་པོ་དེ་སྒྲིག་གཤོམ་བྱེད་རྒྱུ་དང་། ཕྱག་མཆོད་འབུལ་བྱེད་ཡུལ་ཙམ་དུ་མ་སོང་བར་ངེས་པར་དུ་སྦྱང་ནས་ཤེས་པ་བྱ་དགོས་པ་དང་། བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ལྟ་བུར་རྩིས་ནས་སློབ་སྦྱོང་བྱེད་དགོས། བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་དེ་ཚོ་སློབ་སྦྱོང་བྱེད་རྒྱུ་དེ་ནི་རབ་བྱུང་གཅིག་པུས་མ་གཏོགས་ཁྱིམ་པས་སློབ་སྦྱོང་བྱེད་མ་ཆོག་པ་དེ་འདྲ་མ་རེད། ལོ་རྒྱུས་ལ་བལྟས་ན་ཁྱིམ་པའི་ཁྲོད་དུའང་ཁྱིམ་པ་པཎྜི་ཏ་དེ་འདྲ་བྱུང་ཡོད་པ་རེད། དཔེར་ན་ངོས་ཀྱིས་ཤེས་པར་བ་གཞིའི་པཱ་ལགས་ལ་གཞུང་ཆེན་གྱི་སྐོར་མང་པོ་གསུང་རྒྱུ་ཡོད། ངོས་ནས་ནང་ཆོས་སློབ་སྦྱོང་བྱེད་དགོས་པའི་སྐོར་ཡང་ཡང་འབོད་སྐུལ་བྱས་རྗེས་དེང་སང་ཁྱིམ་པ་མི་ནག་གིས་ནང་ཆོས་སློབ་སྦྱོང་དང་། ནང་ཆོས་སྐོར་བགྲོ་གླེང་ཐོག་དོ་སྣང་ཆེ་རུ་ཕྱིན་པའི་སྣང་ཚུལ་ཞིག་ཐོན་གྱི་ཡོད་པའི་བཟོ་འདུག དཔེར་ན། ངོས་ཉེ་ཆར་ལ་དྭགས་ནུབ་ར་ཁུལ་དུ་འགྲོ་སྐབས་དེའི་ཐོག་སྔར་དང་མི་འདྲ་བའི་འགྱུར་བ་ཕྱིན་ནས་ཡག་ཐག་ཆོད་འདུག་ཅེས་
བཀའ་སློབ་སྩལ། ཡང་༸གོང་ས་མཆོག་གིས་མུ་མཐུད་དེ་བཀའ་སློབ་སྩལ་དོན། བོད་ཀྱི་སངས་རྒྱས་པའི་ཆོས་དང་། ཕ་མེས་ཀྱི་རིག་གཞུང་སློབ་སྦྱོང་བྱེད་རྒྱུ་དེ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཁྲོད་མེད་དུ་མི་རུངབའི་ཆ་རྐྱེན་ཞིག་ཡིན། སྐུ་མདུན་སྐུ་གོང་མའི་སྐབས་ལ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེར་གཟིགས་ཏེ་བོད་པའི་སློབ་ཕྲུག་དབྱིན་ཡུལ་དུ་སློབ་སྦྱོང་དུ་གཏོང་རྒྱུའི་དགོངས་བཞེས་གནང་འདུག་ཀྱང་མཇུག་འཁྱོལ་ཐུབ་པ་ཞིག་མ་བྱུང་བ་ནི་འཐུས་ཤོར་རེད། བྱས་ཙང་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་ལ་དོ་སྣང་གིས་རིག་གཅིག་རྐང་འཛིན་པ་ཆགས་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་ཕེབས་ཡོད། ཡང་༸གོང་ས་མཆོག་གིས་དེང་སང་བཟང་སྤྱོད་ཕྲན་བུའི་ཉམས་འགྲོ་གི་མེད་དམ་སྙམ་པའི་སྣང་ཚུལ་ཞིག་ཡོང་གི་འདུག དེ་ནི་ཉེན་ཁ་ཞིག་ཡིན་པས་དོགས་ཟོན་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོའི་ཕ་མེས་ཀྱི་ཆོས་དེ་བཟང་སྤྱོད་ཡག་ཏུ་གཏོང་རྒྱུར་ཕན་ནུས་ཐོན་ཐུབ་པ་ཞིག་ཡིན་ཞེས་བཀའ་སློབ་སྩལ། ༸གོང་ས་མཆོག་གིས་དྲན་གསོ་མཛད་དོན། ལོ་ ༤༠ སྔོན་ཙམ་ལ། ངོས་རྒྱ་གར་གྱི་སྤྱི་ཏི་ཁུལ་དུ་བསྐྱོད་སྐབས་ཁུལ་དེའི་རྒྱ་གར་གྱི་དཔོན་རིགས་ནང་པ་ཡིན་པ་དེ་འདྲ་དང་ཐུག་སྐབས་སྐད་ཆ་བྱུང་མྱོང་། དཔོན་རིགས་དེ་ཚོས་ཁུལ་འདིར་འཚོ་སྡོད་བྱེད་མཁན་ཚོར་བཟང་སྤྱོད་ཀྱི་ཐོག་ནས་དམིགས་བསལ་དཀའ་ངལ་ཡོང་གི་མེད། ཡིན་ན་ཡང་མི་དེ་ཚོ་རིམ་བཞིན་རྒྱ་ཐང་དང་འབྲེལ་བ་ཟབ་ཏུ་ཕྱིན་རྐྱེན་གྱིས་བཟང་སྤྱོད་ཀྱི་ཐོག་ནས་དཀའ་ངལ་འཕྲད་མི་ཡོང་ངམ་བསམ་པའི་སེམས་ཁྲལ་ཡོང་གི་འདུག་ཅེས་གསུང་མྱོང༌། དེ་རྗེས་སྲིད་བློན་དམ་པ་ཨིན་རྡི་ར་གྷན་རྡི་མཇལ་བའི་སྐབས་ཤིག་ལ་སྤྱི་ཏི་འདྲ་བའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་དེ་ཚོར་དེང་དུས་ཀྱི་སློབ་སྦྱོང་ངེས་པར་དུ་སྤྲོད་དགོས་པ་དང་། དེ་ཡང་ཕ་མེས་ནས་ཡོད་པའི་བཟང་པོའི་གོམས་གཤིས་དང་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་བཀའ་མོལ་ཞུ་མྱོང་། ཞེས་བཀའ་ཕེབས། ཡང་༸གོང་ས་མཆོག་གིས་བོད་མི་རེ་ཟུང་གིས་སོ་སོའི་སྒེར་དོན་གཅིག་པུའི་ཆེད་དུ་མགོ་བདེ་པོ་དང་། སྐྱག་རྫུན་བཤད་པའི་རྐྱེན་གྱིས་བོད་མི་རིགས་སྤྱིའི་མཚན་ཤས་ལ་གནོད་གཞིའི་གནས་ཚུལ་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་པ་དེ་ཚོ་སླར་ཡང་མི་ཡོང་རྒྱུར་དོགས་ཟོན་བྱེད་དགོས། ཚར་རྒྱུ་ཚར་བ་རེད། ཕྱིན་ཆད་མ་ཡོང་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ནན་བརྗོད་མཛད་པ་དང་སྦྲགས། རྒྱ་མི་གུང་ཁྲན་གྱིས་བོད་ནང་འཇམ་རྩུབ་སྣ་ཚོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད་ཀྱང་། གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་གཏོང་ཐུབ་མེད། ད་དུང་ཡང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། སེམས་ཤུགས་མ་ཆག་པ་བྱེད་དགོས། བོད་ནང་སྡོད་མཁན་ཚོའི་སེམས་ཤུགས་དང་། སྙིང་སྟོབས་ནི་ཧ་ལས་དགོས་པ་ཞིག་རེད། དེང་བོད་ནང་གི་ཁོར་ཡུག་གནས་སྟངས་གཏོར་བཤིག་འགྲོ་གི་ཡོད་པ་དེ་ཧ་ཅང་གི་ཛ་དྲག་ཡིན་པ་དང་། དེ་འདྲའི་དབང་གིས་ལོ་བརྒྱ་ཕྲག་མང་པོའི་གོམས་གཤིས་དང་ལོ་རྒྱུས་ལྡན་པའི་འབྲོག་པའི་འཚོ་བར་གཏོར་བཤིག་འགྲོ་གི་ཡོད་པའི་སྐོར་ཡང་བཀའ་ཕེབས་པ་དང་ཆབས་ཅིག་བོད་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་སྐོར་བཀའ་བློན་ཁྲི་པ་དང་། བཀའ་ཤག་ནས་རྒྱུན་དུ་བཀའ་སློབ་གནང་གི་ཡོད་པ་ལྟར་རེད། ཚང་མར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་ཕེབས་ཡོད།
༸གོང་ས་མཆོག་གིས་ཁུལ་དེའི་བོད་མི་མང་ཚོགས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་མ་གནང་གོང་རྒྱུད་སྟོད་གསང་སྔགས་ཆོས་ཚོགས་ནས་སན་ཕ་རན་སི་སི་ཁོ་ཁུལ་དུ་བོད་དགོན་གསར་སྐྲུན་གྱི་མ་འོངས་ལས་འཆར་སྙན་སྒྲོན་ཞུ་སར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྙིང་བསྡུས་ཕེབས་དོན་དུ། བོད་ཀྱི་རིག་གཞུང་ལ་གཏོར་བཤིག་ཚབས་ཆེན་ཕོག་པ་དང་། བོད་ནང་གི་དགོན་སྡེ་གྲྭ་ཚང་ ༦༠༠༠ ལྷག་ཙམ་གཏོར་བཤིག་ཕོག་ཡོད་པར་བརྟེན་རྒྱུད་སྟོད་ཆོས་ཚོགས་ཚུགས་ཐུབ་པ་ནི་གལ་ཆེན་པོ་ཡིན་ཞེས་དང་། དངོས་གནས་ཀྱི་ནང་ཆོས་སྦྱོང་སའི་བསྟི་གནས་ནི་བོད་ཀྱི་ཕྱི་ལོག་ལ་ཆགས་ཡོད། བཙན་བྱོལ་ནང་ཡོད་པའི་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་དགེ་འདུན་པ་ ༡༠༠༠༠ ཙམ་དང་། བཙུན་མ་ ༣༠༠༠ ཙམ་གྱིས་ནང་ཆོས་སློབ་གཉེར་བྱེད་ཀྱི་ཡོད་ཅེས་བཀའ་ཕེབས་པ་དང་ཆབས་ཅིག་རྒྱུད་སྟོད་ཆོས་ཚོགས་ཀྱིས་བོད་དགོན་གསར་སྐྲུན་གྱི་ལས་འཆར་དེ་ཡང་ནང་ཆོས་སློབ་སྦྱོང་བྱེད་ས་གཅིག་པུ་ཙམ་མ་ཡིན་པར་ལྟ་གྲུབ་འདྲ་མིན་དབར་གོ་བསྡུར་བྱེད་ས་དང་། ནང་པ་དང་ཚན་རིག་པའི་དབར་ལ་གོ་བསྡུར་སྦྱང་བཤད་བྱེད་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་པའི་དགོངས་འཆར་ཡང་སྩལ་ཡོད།
༸གོང་ས་མཆོག་གིས་ལས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་སོ་སོས་མཁོ་འདོན་བྱས་པའི་དངུལ་རྣམས་ཆུད་ཟོས་སུ་འགྲོ་གི་ཡོད་མེད་བལྟ་དགོས་ཞེས་བཀའ་སློབ་སྩལ།
ཉིན་རྒྱབ་༸གོང་ས་མཆོག་རྒྱུད་སྟོད་ཆོས་ཚོགས་ཀྱི་སྐུ་མགྲོན་དང་དད་ལྡན་སྦྱིན་བདག་འདུ་འཛོམས་སུ་ཆིབས་སྒྱུར་བསྐྱངས་ཏེ་གང་ཉིད་ཀྱི་རྣམ་ཀུན་ནས་བཀའ་ཕེབས་བཞིན་པའི་རྩ་བའི་དམ་བཅའ་གསུམ་ངོ་སྤྲོད་མཛད། འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་། ཆོས་ལུགས་འཆམ་མཐུན་གོང་འཕེལ་གཏོང་གནང་མཛད་རྒྱུ་དེ་ནི་རྒྱ་གར་ནས་ཐོན་པའི་དངོས་རྫས་ཤིག་གང་ཉིད་ནས་དར་སྤེལ་གཏོང་བ་དང་མཚུངས་ཞེས་བཀའ་ཕེབས། དེ་རྗེས་དྲི་བ་ཕུལ་བར་ཡང་བཀའ་ལན་མཛད།
དེ་ནས་གསར་འགོད་པ་མཇལ་འཕྲད་ལ་ཆིབས་སྒྱུར་བསྐྱངས་ཏེ་གསར་འགོད་པ་རྣམས་ལ་གང་ཉིད་གང་དུ་ཕེབས་ཀྱང་གནང་རྒྱུའི་ཕྱག་ལས་གཙོ་བོ་ནི་རྩ་བའི་དམ་བཅའ་གསུམ་ཡིན། ཡིན་ན་ཡང་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་སྟབས་དམ་བཅའ་གསུམ་པ་སྟེ། བོད་ཀྱི་གནད་དོན་གྱི་ཐད་ལ་གང་ཉིད་ནི་ཕྱེད་བགྲེས་ཡོལ་གྱི་གནས་བབ་ཏུ་ཡོད་ཅིང་། ད་ཆ་རྦད་དེ་བགྲེས་ཡོལ་དུ་ཕེབས་རྒྱུའི་རེ་བ་གནང་གི་ཡོད་ཅེས་བཀའ་སྩལ། གསར་འགོད་པས་བྱམས་བརྩེའི་སྐོར་དྲི་བ་ཕུལ་བར། ༸གོང་ས་མཆོག་གིས་བྱམས་བརྩེའི་སྐོར་ལ་རིམ་པ་གཉིས་ལ་ཕྱེ་ནས་བཀའ་ལན་སྩལ། ཡང་གསར་འགོད་པས་རྒྱ་རིགས་མཁས་དབང་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་༸གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད་བཀའ་དྲི་ཞུས་པར་བཀའ་ལན་སྩལ་དོན། རང་དབང་གི་ཆེད་དུ་འབད་བརྩོན་བྱེད་མཁན་དེ་ཚོར་ཐོག་མ་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལིའུ་ཞའོ་པོ་ཡིས་ ༢༠༠༨ གྱི་རྩ་འཛིན་ཡིག་ཆའི་སྐོར་གནས་ཚུལ་ཐོན་སྐབས་གང་ཉིད་པོ་ལན་ཌེར་ཡོད། གནས་ཚུལ་ཐོན་མ་ཐག་རྒྱབ་སྐྱོར་བྱས་པ་ཡིན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁ་ཤས་དང་། ལྷག་པར་དུ་ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག་གིས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱབ་སྐྱོར་གྱི་ས་རྟགས་ལེན་པའི་ལས་འགུལ་སྤེལ་བར་མཉམ་ཞུགས་དགོས་པའི་གདན་ཞུ་གནང་བ་ལྟར་རྒྱབ་སྐྱོར་བྱས་པ་ཡིན། དེར་བརྟེན་ཁོང་ལ་ཞི་བདེའི་བྱ་དགའ་ཐོབ་རྒྱུའི་གསལ་བསྒྲགས་བྱས་པ་ཐོས་སྐབས་ཧ་ཅང་དགའ་པོ་བྱུང་ཞེས་བཀའ་ཕེབས་པ་དང་ཆབས་ཅིག ༸གོང་ས་མཆོག་ནས་དྲན་གསོ་མཛད་དོན། གང་ཉིད་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་གསར་འགོད་པར། གང་ཉིད་དགེ་སློང་ཉམ་ཆུང་ཞིག་ཡིན་སྟབས་གཟེངས་རྟགས་ཀྱིས་སྒེར་ལ་ཐོབ་ཤོར་འགྲོ་རྒྱུ་གང་ཡང་མི་འདུག་ཀྱང་། གཟེངས་རྟགས་འདིས་གང་ཉིད་ཀྱིས་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བ་དར་སྤེལ་གྱི་ལས་དོན་ཐད་ཕྲན་བུའི་ལེགས་སྐྱེས་ཕུལ་ཡོད་པར་ངོས་འཛིན་ཐོབ་པ་ཞིག་ཡིན་པས། དེས་ང་ལ་སྐུལ་ལྕག་ཐེབས་ཀྱི་འདུག་ཅེས་བཀའ་སྩལ་གནང་མཛད་པ་ཐུགས་དྲན་གསོ་མཛད།
ལིའུ་ཞའོ་པོ་ལ་གཟེངས་རྟགས་གནང་བ་དེ་ཡང་ལིའུ་ཡིས་རང་དབང་དང་། མང་གཙོའི་ཐོག་འབད་རྩོན་གནང་བར་ངོས་འཛིན་ཐོབ་པ་ཞིག་ཡིན་སྟབས་ལིའུ་ལགས་ཀྱི་འབད་བརྩོན་མུ་མཐུད་རྒྱུན་འཁྱོངས་ཡོང་རྒྱུར་སྐུལ་ལྕག་ཐེབས་ངེས་རེད་ཅེས་བཀའ་སྩལ། ལིའུ་ཞའོ་པོ་ལ་གཟེངས་རྟགས་ཐོབ་པར་རྒྱ་ནག་གཞུང་གིས་རྣམ་འགྱུར་གང་བསྟན་པ་དེར་༸གོང་ས་མཆོག་ལ་གཟིགས་ཚུལ་ཇི་ཡོད་དྲི་བ་ཕུལ་བར། གལ་སྲིད་ངས་དྲི་བ་དེ་ལ་ལན་འདེབས་བྱས་ཀྱང་ཕན་ཐོགས་མེད་པས་དེ་ལས་ཁ་ཁར་བསྡད་ན་ལེགས་ཅེས་བཀའ་ཕེབས། ཡང་གསར་འགོད་པར་རྒྱུད་སྟོད་ཆོས་ཚོགས་ཀྱི་བོད་དགོན་གསར་སྐྲུན་གྱི་ལས་འཆར་སྐོར་བཀའ་དྲི་ཞུ་སྐབས། ༸གོང་ས་མཆོག་གིས་བཀའ་ལན་མཛད་དོན། ཁལ་ལི་ཕོར་ནི་ཡར་མི་རིགས་འདྲ་མིན་ཡོད་པའི་མངའ་སྡེ་ཞིག་ཡིན་པས་བོད་དགོན་གསར་སྐྲུན་གྱི་ལས་འཆར་ནི་ལེགས་སྐྱེས་ཆུང་ཆུང་ཞིག་རེད། ལས་འཆར་དེ་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་དང་། ལྟ་གྲུབ་འདྲ་མིན་དབར་གོ་བསྡུར་བྱེད་ས་དང་། ནང་པ་དང་ཚན་རིག་པའི་དབར་ལ་གོ་བསྡུར་སྦྱང་བཤད་བྱེད་ཡུལ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཀའ་ཕེབས། མཇུག་ཏུ་༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་དྲན་སྐུལ་མཛད་དོན། གསར་འགོད་པ་རྣམས་ལ་ཡང་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་། ཆོས་ལུགས་འཆམ་མཐུན་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡོད་པས་དེ་དོན་ཁྱབ་སྤེལ་གཏོང་དགོས་པའི་འབོད་སྐུལ་མཛད། དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་གི་ཉེ་འཁྲིས་སན་ཧོ་སི་འདུ་འཛོམས་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ནང་མི་མང་ཆིག་ཁྲི་ཉིས་སྟོང་ཙམ་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་འཁྲིད་སྩལ། ཐོག་མར་སྔོན་འགྲོའི་ཚུལ་དུ་ནང་ཆོས་ཀྱི་དོན་སྙིང་སྐོར་སྤྱི་བཤད་མཛད་ཅིང་། དེ་ནས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་འཁྲིད་བསྐྱངས་ཡོད།
༸གོང་ས་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མ་དེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་མི་བཟང་པོ་བྱེད་དགོས་པའི་དྲན་སྐུལ་གཏོང་གི་ཡོད་པས་ཚང་མས་ཚིགས་བརྒྱད་མའི་འབྲུ་དོན་རྣམས་ལག་ལེན་འཁེལ་ཐབས་ལ་ཚོད་ལྟ་དང་འབད་བརྩོན་གང་ཡོང་བྱེད་རྒྱུ་འགོ་འཛུགས་དགོས་པའི་དགོངས་འཆར་མཛད། ཉིན་ལྟར་ཚོད་ལྟ་བྱས་ནས་གཟའ་འཁོར་གཅིག་གི་རྗེས་ལ་ཕན་ཐོགས་འདུག་བསམ་པ་བྱུང་ཚེ། མུ་མཐུད་ནས་རྒྱུན་སྲིང་ཐུབ་པ་ཡིན་ན། མཐར་སེམས་ལ་འགྱུར་བ་གཏོང་ཐུབ་པ་ཡོང་གི་རེད་ཅེས་ལམ་སྟོན་སྩལ། མཇུག་ཏུ་གསུང་ཆོས་གོ་སྒྲིག་ཞུ་མཁན་རྒྱུད་སྟོད་ཆོས་ཚོགས་ནས་བྱུང་སོང་རྩིས་ཁྲའི་གནས་སྟངས་ཚོགས་ཡོངས་སུ་སྙན་སེང་ཞུས་དོན། རོབ་རྩིས་ཨ་སྒོར་གསུམ་འབུམ་དྲུག་ཁྲི་ནས་རོབ་རྩིས་སོང་ཨ་སྒོར་ཉིས་འབུམ་བདུན་ཁྲི་ཆིག་སྟོང་འཐེན་འཕྲོས་ཨ་སྒོར་བརྒྱད་ཁྲི་དགུ་སྟོང་རྣམས་ཨ་རིར་ཡོད་པའི་རྒྱུད་སྟོད་ཆོས་ཚོགས་ཀྱི་ལས་འཆར་དང༌། རྒྱ་གར་ནང་ཡོད་རྒྱུད་སྟོད་དགོན་པའི་དགེ་འདུན་པ་རྣམས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན། བཙན་བྱོལ་བོད་མི་དང་ལྷག་པར་དུ་རྒས་གཅོང་དང་། བྱིས་པའི་འཕྲོད་བསྟེན་གྱི་ལས་འཆར་ཐོག་བགོ་བཤའ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་འདུག་པ་བཅས།།