༢༠༡༠ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་གྲགས་ཅན་མི་སྣ་བཅུ་བཞིས་རྒྱ་ནག་གཞུང་ནས་སྐུ་ཞབས་ལིའུ་ཞའོ་པོ་གློདབཀྲོལ་གཏོང་ཆེད་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ (G-20 Summit ) ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་སྙན་ཞུ་ཞིག་ཕུལ་བའི་ནང་༸གོང་ས་མཆོག་གིས་མཚན་རྟགས་བཀོད་གནང་མཛད་ཡོད། ཞུ་ཡིག་དེའི་ནང་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Desmond Tutu) མཆོག་གིས་གསུང་དོན། སྐུ་ཞབས་ལིའུ་ཞའོ་པོ་གློད་བཀྲོལ་བཏང་ཚེ་ཉེ་ལམ་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་འཛམ་གླིང་མི་མང་ཚོས་དམིགས་བསལ་ངོས་འཛིན་བྱེད་ཀྱི་རེད། སྐུ་ཞབས་ལིའུ་ཞའོ་པོའི་སྐུ་ཟླ་ལིའུ་ཤ་བཟང་བཙོན་ནས་གློད་བཀྲོལ་གྱིས་རང་དབང་ཐོག་མི་སུ་ཐུག་འཕྲད་བྱེད་པའི་རང་དབང་སྤྲོད་དགོས་པ་ཁྱེད་རྣམས་ནས་འབྲེལ་ཡོད་གཞུང་སོ་སོས་རྒྱ་ནག་གཞུང་ལ་སྐུལ་མ་གནང་རོགས་ཞེས་ང་ཚོས་ཚོར་ཤུགས་དང་གུས་བཀུར་ཆེན་པོས་འབོད་སྐུལ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༡༡ ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་བཞིན་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཡོལ་ (Seoul) དུ་འཚོགས་རྒྱུ་དང། ལྷན་ཚོགས་དེའི་སྐབས་ཁྱེད་རྣམས་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཐུག་འཕྲད་ཡོང་རྒྱུ་མ་ཟད། སྐུ་ཞབས་ལིའུ་ཞའོ་པོ་བཙོན་འཇུག་དང་འབྲེལ་བའི་གནད་དོན་གླེང་རྒྱུའི་གོ་སྐབས་ཀྱང་ཡོད་པས་ཁོང་གློད་བཀྲོད་ཆེད་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྐུལ་མ་གནང་རོགས་ཞེས་ང་ཚོས་འབོད་སྐུལ་ཞུ་རྒྱུ་དང་ཁོང་གློད་བཀྲོལ་གཏོང་རྒྱུ་དེར་དགའ་བསུ་ཞུ་རྒྱུ་ཙམ་མ་ཟད་གློད་བཀྲོལ་གཏོང་དགོས་པ་ཞིག་ཀྱང་ཆགས་ཡོད་ཅེས་འཁོད་ཡོད། ཞུ་སྙན་དེར་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག སྐུ་ཞབས་ཀར་ལོ་སི་ཕི་ལིཔ་བྷེ་ལོ་མཆོག ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཁར་ཊར་མཆོག སྐུ་ཞབས་ཌེ་ཀ་ལཀ་མཆོག ལྕམ་སྐུ་ཤི་རིན་ཨི་བ་དྷི་མཆོག སྐུ་ཞབས་ཇོན་ཧུམ་མཆོག ལྕམ་སྐུ་མེ་རིཌ་མེཀ་གོ་ཡར་མཆོག ལྕམ་སྐུ་ཝང་གྷེ་རི་མ་ཐ་ཡི་མཆོག སྐུ་ཞབས་ཌེ་ཝིཊ་ཊི་རིམ་སྦལ་མཆོག ལྕམ་སྐུ་རི་གོ་སྦེར་ཊ་མཆོག སྐུ་ཞབས་ལེཀ་ཝ་ལེ་ས་མཆོག ལྕམ་སྐུ་ཨེ་ལི་ཝི་སལ་མཆོག ལྕམ་སྐུ་བེ་ཊི་ཝི་ལི་ཡམ་སི་མཆོག ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་མཆོག་བཅས་ཀྱིས་མཚན་རྟགས་བཀོད་གནང་ཡོད་འདུག