༢༠༡༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཇོར་ཇི་ཡའི་ནང་རྟེན་གཞི་བྱས་པའི་ཨི་མོ་རི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་ཡོད། མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུངས། དེ་རྗེས་ཨི་མོ་རི་དང་བོད་མཉམ་རུབ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། ཨི་མོ་རི་གཙུག་ལག་སློབ་གྲྭའི་ཚོགས་གཞོན་སྐུ་ཞབས་སྒེར་རི་ཧུཀ་ (Gary Hauk) མཆོག་གིས་གཙུག་ལག་སློབ་གྲྭའི་ཚབ་ཞུས་ཏེ་ཚོགས་བཅར་བ་ཚང་མར་ཕེབས་བསུའི་འཚམས་འདྲི་ཞུས། དེ་ནས་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་མཛད་སྒོ་དེ་འདྲ་ཞིག་ཚོགས་ཐུབ་པ་དེས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་འགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཆེ་མཐོང་ཆེན་པོ་ཐོབ་བྱུང། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བླ་མ་དང་དགེ་བཤེས་མཁས་དབང་། ནང་ཆོས་ཉམས་ལེན་པའི་མཁས་དབང་། ནང་ཆོས་ལ་དོན་གཉེར་ཆེ་བའི་སློབ་མ་མང་པོ་ཞིག་བྲོས་བྱོལ་དུ་ཕེབས་པ་དེ་བསོད་ནམས་ཤིག་རེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་གནའ་བོའི་རིག་གཞུང་ཙམ་མིན་པར་དེང་སང་འཛམ་གླི༝ང་སྤྱི་ཚོགས་ནང་འབྲེལ་བ་ཆེན་པོ་ཡོད། དེར་བརྟེན་འདས་པའི་ལོ་ ༥༡ རིང་བོད་ཀྱི་སངས་རྒྱས་པའི་ཆོས་དེ་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་པ་མ་ཟད། ད་ཆ་བོད་ཀྱི་སངས་རྒྱས་པའི་ཆོས་ཙམ་མ་ཟད་གཡུང་དྲུང་བོན་གྱི་བསྟི་གནས་ཀྱང་རྒྱ་གར་ནང་སྒྲིག་འཛུགས་སྲ་བརྟན་ཡོད། ད་ལྟའི་ཆར་རྒྱ་གར་ནང་དགེ་འདུན་པ་ ༡༠༠༠༠ ཙམ་དང་སོག་པོའི་དགེ་འདུན་པ་བརྒྱ་སྐོར་ཙམ་ནས་ནང་ཆོས་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ནང་ཆོས་སློབ་གཉེར་གནང་མཁན་སློབ་ཕྲུག་ལྔ་སྟོང་ནས་དྲུག་སྟོང་བར་ཡོད་པ་དང། དེ་བཞིན་བཙུན་མ་ཡང་གང་ཙམ་ཞིག་ཡོད། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་བོད་ཀྱི་ནང་ཆོས་སློབ་ཁྲིད་གནང་མཁན་བླ་མ་དགེ་བཤེས་འགའ་ཤས་ནུབ་ཕྱོགས་སུ་ཕེབས་ཏེ་ཆོས་ཚོགས་བཙུགས་ཡོད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་མ་དོར་བ་བྱེད་རྒྱུ་ང་ཚོའི་གཞི་རྩའི་བསམ་བློར་འགྱུར་བ་མེད། ཆོས་ལུགས་བསྒྱུར་རྒྱུ་དེར་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་རང་གི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེའི་རྗེས་སུ་འཇུག་རྒྱུ་དེ་བརྟན་ཤོས་ཡིན། ཡིན་ནའང་མི་འགའ་རེར་རང་གི་ཕ་མེས་ཀྱི་ཆོས་ལུགས་དེ་ལས་ནང་ཆོས་དེ་རན་པ་ཞིག་དང་འོས་ཤིང་འཚམས་པ་མཐོང་སྲིད། དེ་གནས་ཚུལ་ཐ་དད་རེད་ཅེས་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་དང་འབྲེལ་ནས་བཀའ་སྩལ་དོན། བོད་ཀྱི་གནས་སྟངས་དེ་ཕྱོགས་གཅིག་ནས་བློ་ཕམ་པོ་ཞིག་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན་སྔར་མེད་པའི་གོ་སྐབས་ཤིག་ཀྱང་རེད། སྤྱིར་ཆོས་ལུགས་འདྲ་མིན་དབར་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ནའང་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་འབད་བརྩོན་འདང་ངེས་ཤིག་བྱུང་ཐུབ་མེད། དཔེར་ན། པཱ་ལི་སྲོལ་རྒྱུན་ནང་ནང་ཆོས་སློབ་གཉེར་གནང་མཁན་དང་ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་ནས་ནང་ཆོས་སློབ་གཉེར་གནང་མཁན་དབར་གྱི་འབྲེལ་བ་དེ་འདང་ངེས་ཤིག་བྱུང་ཐུབ་མེད། བོད་པར་ཆ་བཞག་ནའང་མཚམས་རེ་ཆོས་ལུགས་སོ་སོའི་རིང་ལུགས་དེར་གཙིགས་ཆེར་འཛིན་ཏེ་ཚང་མ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་གཅིག་པ་ཡིན་བསམ་པའི་འདུ་ཤེས་དེ་ཙམ་ཤུགས་ཆེ་བ་བསླེབས་ཐུབ་མེད་ཅེས་བཀའ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ཨོ་སི་ཊོ་ལི་ཡར་ཆིབས་སྒྱུར་སྐྱོང་སྐབས་བྷར་མའི་དགེ་འདུན་པ་ཞིག་གིས་ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་པ་ཡིན་ནའང་ཕན་ཚུན་ཁྱད་པར་ཆེན་པོ་འདུག བོད་ཀྱི་ནང་ཆོས་ནང་འདུལ་བའི་ཉམས་ལེན་མི་འདུག་ཅེས་བརྗོད་བྱུང། དེར་ངོས་ཀྱིས་བོད་ཀྱི་ནང་ཆོས་ནང་འདུལ་བའི་ཉམས་ལེན་ཡོད་ཅེས་འགྲེལ་བརྗོད་བྱས་པས་ཁོང་ཧ་ལས་སོང་ཞེས་བཀའ་སློབ་སྩལ། ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་མི་ནང་པ་ཚོས་ཀྱང་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས། འཆམ་སོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་ནང་པའི་ཆོས་ཀྱི་དོན་དག་ངོ་མ་དེར་དོ་སྣང་དེ་ཙམ་མ་སྤྲད་པར་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཡོད། འོན་ཀྱང་བོད་མི་ཚང་མ་དེ་འདྲ་མིན་པར་ནང་ཆོས་ཉམས་ལེན་པ་ཡག་པོ་དེ་འདྲའང་ཡོད་ཅེས་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ནང་ཆོས་ཉམས་ལེན་པ་གང་ཟག་སྒེར་གྱི་ལས་འགན་དང་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་དོན། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ནང་ཆོས་ཉམས་ལེན་དེ་གཙོ་བོ་དགེ་སློང་ཚོས་གནང་གི་ཡོད། ཕྱིས་སུ་དུས་རབས་ ༨ སྐབས་བོད་ནང་གྲྭ་པ་དང་སྐྱ་བོ་གཉིས་ཀས་འགན་ཁུར་རྐང་ལེན་གྱིས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་ཅེས་བཀའ་སྩལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་དགོས་འདུན་གཉིས་བཏོན་གནང་མཛད་དོན། དང་པོ་དེ་ཚོགས་བཅར་བ་ཕན་ཚུན་ངོ་ཤེས་པའི་ཐོག་བསམ་ཚུལ་བརྗེས་ལེན་གནང་དགོས། ནང་པའི་ཆོས་ཚོགས་དར་འཕེལ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན་མིའི་གྲངས་འབོར་ཡང་འཕེལ་རྒྱུ་རེད། དེར་བརྟེན་རང་བཞིན་གྱི་ལྐོག་ཟ་རུལ་སྲུངས་དང་ཉམས་རྒུད་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད། ཉེན་ཁ་དེ་ཚོར་གཟབ་ནན་བྱས་ཏེ་གནད་དོན་དེ་ཚོའི་ཐོག་བགྲོ་གླེང་གནང་དགོས། གཉིས་པ་དེ་ནང་པའི་ཆོས་ཚོགས་ཚང་མས་ནཱ་ལེཎྜའི་སྲོལ་རྒྱུན་ལ་དོ་སྣང་མང་ཙམ་སྤྲོད་དགོས་པ་དང། བོད་ཀྱི་སངས་རྒྱས་པའི་ཆོས་དང་བོན་གྱི་གཞུང་གཉིས་ཀའི་ནང་ནཱ་ལེཎྜའི་སྲོལ་རྒྱུན་ཐོག་སློབ་སྦྱོང་བྱེད་བཞིན་ཡོད། དེར་བརྟེེན་ཚང་མས་ནཱ་ལེཎྜའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་ཁུངས་གཏུགས་ཏེ་ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ལས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ་ཞེས་གསུངས་ཡོད། ཚོགས་བཅར་བ་ཚང་མས་ཐུགས་ཁུར་ཆེ་བཞེས་ཐོག་བགྲོ་གླེང་ལྷུག་པོ་དང་གསང་པོ་གནང་རོགས་ཞེས་སོགས་བཀའ་སློབ་སྩལ། ཐེངས་འདིའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༨ ནས་ ༢༠ བར་འཚོགས་རྒྱུ་ཡིན་འདུག སྐབས་དེར་མཁས་དབང་དང་དགེ་རྒན། སྐད་སྒྱུར། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༥༠ ཙམ་ཕེབས་ཡོད། ཚོགས་ཆེན་གོ་སྒྲིག་གནང་མཁན་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་བོད་གཞུང་དོན་གཅོད་ཁང་དང་ཨི་མོ་རི་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་འགན་ཁུར་རྐང་བཞེས་ཐོག་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྱུ་རྩལ་བསྟི་གནས་ཁང་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་སོགས་ཀྱིས་རྒྱབ་སྐྱོར་གནང་ཡོད། ཚོགས་ཆེན་སྐབས་བགྲོ་གླེང་གནང་རྒྱུའི་གནད་དོན་གཙོ་བོ་དྲུག་ཡོད་པའི་དང་པོ་ནི། བོད་ཀྱི་ནང་ཆོས་དང་དེང་དུས་ཚན་རིག་དབར་འབྲེལ་བ་བྱུང་བ། གཉིས་པ་ནི། བོད་ཀྱི་ནང་ཆོས་དང་སྤྱི་ཚོགས་ཀྱི་འབྲེལ་བ། གསུམ་པ་ནི། ནང་ཆོས་ཕབ་སྒྱུར། བཞི་པ། དེང་དུས་ཤེས་ཡོན་ལམ་ལུགས་ནང་བོད་ཀྱི་ནང་ཆོས། ལྔ་པ། དེང་དུས་ནུབ་ཕྱོགས་སྲོལ་རྒྱུན་ནང་བོད་ཀྱི་ནང་ཆོས། དྲུག་པ། སྲོལ་རྒྱུན་ནས་བོད་བརྒྱུད་ནང་བསྟན་དར་ཁྱབ་ཡོད་པའི་ཡུལ་ལུང་ཁག་གི་ནང་དེང་རབས་སྤྱི་ཚོགས་ཀྱི་ཡར་རྒྱས་རྒྱུན་གནས་ཐུབ་པ་སོགས་ཡིན།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་ཆེན་དབུ་འཛུགས་བསྐྱངས་པ།
གསར་གནས།
འབྲེལ་གནས།