༢༠༡༠ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པཱ་ལོ་ཨལ་ཊོ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཉིན་རྒྱབ་ཨ་རིའི་ཇོར་ཇི་ཡའི་མངའ་སྡེའི་རྒྱལ་ས་ཨེ་ཊ་ལན་ཊར་ཆིབས་སྒྱུར་བསྐྱངས། དེ་ཡང་མགོན་པོ་གང་ཉིད་མཆོག་གནམ་ཐང་དུ་ཨི་མོ་རི་གཙུག་ལག་སློབ་ཁང་གི་གཙོ་འཛིན་སྐུ་ཞབས་ཇེམ་སེ་ཝག་ནར་ལགས་ཀྱིས་གཙོས་ཨི་མོ་རི་གཙུག་ལག་སློབ་ཁང་ (Emory University) གི་མཐོ་རིམ་ལས་བྱེད་ཁག་གཅིག་ཕེབས་བསུར་བཅར་ཡོད། གནམ་ཐང་ནས་ཐོག་མར་༸གོང་ས་མཆོག་གྲོང་ཁྱེར་དེའི་ནང་འབྲས་སྤུངས་བློ་གསལ་གླིང་གི་དགོན་པ་གསར་བཞེངས་གནང་བ་དེར་རབ་གནས་མཛད་ཆེད་གདན་འདྲེན་ཞུས། ༸གོང་ས་མཆོག་ས་གནས་དེར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཁྲི་ཐོག་ ༡༠༢ པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་། དགོན་པའི་ལས་ཟུར་རྣམ་པ། དེ་བཞིན་སྐུ་མགྲོན་བཅས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུ་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། བློ་གསལ་གླིང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཞལ་འདོན་གསུངས་རྗེས་འབྲས་སྤུངས་བློ་གསལ་གླིང་དགོན་པའི་ཆོས་ཚོགས་ཀྱི་འགན་འཛིན་དང་ཆོས་ཕྱོགས་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཆོས་ཚོགས་ཀྱི་གནས་སྟངས་དང་། དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་རྣམས་མགོན་པོ་གང་ཉིད་མཆོག་ལ་སྙན་སྒྲོན་ཞུས། དམིགས་ཡུལ་དང་པོ་དེ། ནུབ་ཕྱོགས་ཀྱི་སློབ་ཕྲུག་དང་མཁས་དབང་། མང་ཚོགས་བཅས་ལ་བོད་ཀྱི་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དང་། དམིགས་ཡུལ་གཉིས་པ་དེ། བོད་པའི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ནང་ཆོས་སློབ་ཁྲིད་བྱ་རྒྱུ། དམིགས་ཡུལ་གསུམ་པ་དེ་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ལ་རོགས་རམ་ཞུ་རྒྱུ་བཅས་ཡིན་སྐོར་སྙན་སྒྲོན་ཞུས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་པ་དང་ཕྱི་རྒྱལ་ཚན་རིག་པའི་དབར་འགྲོ་བཞིན་པའི་ཉམས་ཞིབ་དང་བགྲོ་གླེང་སྐོར་ལུང་འདྲེན་མཛད་སྐབས། དེ་སྔ་མགོན་པོ་གང་ཉིད་མཆོག་གིས་ཨ་རི་ཝི་སི་ཀོན་སིན་གཙུག་ལག་སློབ་ཁང་དུ་ཚན་རིག་པ་དང་ལྷན་བགྲོ་གླེང་དང་། ཉེ་ཆར་བསྐྱར་དུ་སཊྣ་ཕོཊ་གཙུག་ལག་སློབ་ཁང་དུ་བགྲོ་གླེང་མཛད་ཡོད་སྐོར་དང། ཕྱོགས་མཚུངས་འབྱུང་འགྱུར་ཉིན་ཤས་ནང་ཨི་མོ་རི་གཙུག་ལག་སློབ་ཁང་ནང་བསྐྱར་དུ་ནང་པ་དང་ཚན་རིག་པའི་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་སྐོར་སོགས་བཀའ་སྩལ་བ་མ་ཟད། དེ་སྔ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་ཕྲུ་གུ་གཞན་གསུམ་ཧི་མཱ་ཅལ་མངའ་ཁུལ་དུ་ཡོད་པའི་ཁུ་ནུ་ནས་ནང་ཆོས་སློབ་གཉེར་ཆེད་རྡ་སར་བསླེབས་པ་དང་། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཐོག་མར་རྡ་སའི་མཚན་ཉིད་གྲྭ་ཚང་དུ་སློབ་གཉེར་གནང་རྗེས་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ཐོན་པ་རེད་ཅེས་བཀའ་སྩལ། དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་བཞུགས་གནས་མགྲོན་ཁང་གི་ཕྱི་རུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཟླ་ ༡༠ ཚེས་ ༡༧ ནས་ཚེས་ ༡༩ བར་༸གོང་ས་མཆོག་གིས་ཨི་མོ་རི་གཙུག་ལག་སློག་གྲྭའི་ནང་མཛད་འཆར་ཁག་བསྐྱང་རྒྱུ་ཡིན་པ་དང། མང་ཚོགས་ལ་བཀའ་སློབ། ཚན་རིག་པ་དང་ལྷན་བགྲོ་གླེང་། ཆོས་ལུགས་འདྲ་མིན་དབར་བགྲོ་གླེང་ཚོགས་འདུ་དེ་བཞིན་ནང་པའི་དད་ལྡན་པ་ཚོར་ཆོས་འབྲེལ་བཀའ་སློབ་སྩལ་གནང་མཛད་རྒྱུའི་མཛད་འཆར་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་ཊ་ལན་ཊར་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།