༢༠༡༠ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་ལྡན་ཆོས་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་སེན་ཧོ་སིའི་གཙུག་ལག་སློབ་ཁང་གི་ཚོགས་ཁང་དུ་འོད་དཔག་མེད་ཀྱི་རྗེས་གནང་སྩལ་གནང་མཛད། དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེན་ཧོ་སིའི་གཙུག་ལག་སློབ་ཁང་གི་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མེ་ཤལ་ཧོན་ཌ་ (Michael Honda) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་གསུང་བཤད་གནང་དོན། ས་གནས་ཡུལ་མི་ཚོས་དཀའ་ངལ་རྣམས་བཟོད་བསྲན་དང་བྱམས་བརྩེའི་ལམ་ནས་སེལ་ཐབས་བྱེད་བཞིན་ཡོད་པ་ནི་མི་རིགས་དང་ཆོས་ལུགས་འདྲ་མིན་ལ་གུས་བརྩི་ཡོད་པ་མཚོན་བཞིན་ཡོད། བཟང་པོའི་བསླབ་བྱ་དེ་དག་ནང་ཆོས་ནང་གསུང་ཡོད། ངས་སྐུ་ཉིད་ཀྱིས་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས་བཀའ་སློབ་སྩལ་བ་ཞིག་དྲན་གསོས་ཀྱི་འདུག སྐབས་དེར་སྐུ་ཉིད་ནས་སེམས་བཟང་པོ་དང་དྲང་བདེན། གཞན་ཕན་བཅས་བཟང་སྤྱོད་ཀྱི་བསམ་བློ་དེ་དག་རང་གི་མ་དང་དགེ་རྒན། གཟིམ་ཆུང་གི་ཞབས་ཞུ་བ་ཚོ་ལས་བྱུང་བ་ཞིག་ཡིན་སྐོར་བཀའ་སྩལ་ཡོད། ཨ་རིའི་རྒྱལ་ཁབ་དེ་བཞིན་དུས་ཚོད་གཉན་འཕྲང་ཆེ་བའི་ནང་ཡོད་པའི་སྐབས་དེར་སྐུ་ཉིད་ཀྱི་བཟང་པོའི་བསླབ་བྱ་དེ་ནི་ནུས་སྟོབས་ཆེ་ཤོས་ཤིག་ཆགས་ཡོད། དེ་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སན་ཊ་ཁ་ལ་རེའི་ (Santa Clara) གྲོང་ཚོའི་ནང་བྱམས་བརྩེའི་བསླབ་བྱ་ཟབ་མོ་ཞིག་བསྣམས་ཕེབས་ཡོད་པ་མ་ཟད། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་རྒྱུན་འཛིན་ཐོག་ཆོས་ལུགས་གཞན་ལའང་གུས་བརྩི་ཞུ་དགོས་པའི་ལམ་སྟོན་མཛད་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་གིས་ཐོག་མར་ནང་ཆོས་དར་འཕེལ་བྱུང་ཚུལ་སྐོར་བཀའ་སློབ་སྩལ་བ་དང་དེ་ནས་དེར་འདུས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༥༠༠༠ ཙམ་ལ་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་འཕགས་པ་ལྷས་མཛད་པའི་གཞུང་ལ་སློབ་གཉེར་བྱ་དགོས་པའི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འོད་དཔག་མེད་ཀྱི་རྗེས་གནང་བཀྲིན་ཆེ་བ་སྩལ།
ཉིན་དེའི་ཉིན་གུང་ལྗགས་སྨིན་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་པཱ་ལོ་ཨལ་ཊོའི་གྲོང་ཁྱེར་གྱི་སློབ་གྲྭ་ར་ཝིན་སི་བུཌ་(Ravenswood School District) གི་སློབ་ཕྲུག་ ༣༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་སྩལ་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་སཊྣ་ཕོཌ་ནང་རྟེན་གཞི་བྱས་པའི་རོ་ནལ་མེག་ཌོ་ནལ་ཧའོ་སི་ (Ronald McDonald House) ཞེས་པར་ཕྲུ་གུ་ནད་གཞི་ཚབས་ཆེ་ཕོག་པ་རྣམས་ལ་ལྟ་སྐྱོང་བྱེད་མཁན་གྱི་ཚོགས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་ཕྲུ་གུ་ནད་པ་རྣམས་ལ་རེ་རེ་བཞིན་མཇལ་ཁ་སྩལ་བ་མ་ཟད། ཕྲུ་གུ་སོ་སོའི་ཕ་མ་དང་རོགས་སྐྱོབ་གནང་མཁན་སྦྱིན་བདག་བཅས་ཚང་འཛོམས་ཐོག་ཕྲུག་གུ་ནད་པ་རྣམས་ལ་བཀའ་སློབ་སྩལ་དོན། སྤྱི་ཚོགས་ཡག་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ནུས་པ་ལྡན་པའི་ཕྲུ་གུ་ཚོར་ནད་གཞི་ཕོག་པ་དེ་བློ་ཕམ་སྐྱེ་གཞི་ཞིག་ཡིན་ནའང། གནས་སྟངས་དེར་ཕྱོགས་ཡོངས་ནས་བློ་རྒྱ་ཡངས་པོས་ལྟ་དགོས། གལ་ཏེ་བློ་སྦུག་དོག་པོས་གནས་སྟངས་དེར་བལྟས་པ་ཡིན་ན་བློ་ཕམ་བྱེད་རྒྱུ་ལས་ལྷག་མེད། ངོས་རང་དཀའ་ངལ་ནང་ནམ་ཞིག་ལྷུང་ཚེ་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་སུ་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་པ་དེ་དྲན་སྐུལ་གཏོང་གི་ཡོད། དེ་ལྟར་བྱས་ཚེ་སེམས་ལ་ངལ་གསོ་ཐོབ་ཀྱི་འདུག བསམ་བློ་གཏོང་སྟངས་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད་ཅེས་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ཕྲུ་གུ་ཚོར་བོད་ཀྱི་གསོ་བ་རིག་པའི་སྨན་པ་བསྟེན་གཏུགས་དགོས་སྐོར་བཀའ་སློབ་སྩལ་བ་མ་ཟད། དགོས་མཁོ་བྱུང་འཕྲལ་ཕྲུ་གུ་ནད་གཅོང་ཚོར་སྐུ་ཚབ་དོན་ཁང་བརྒྱུད་བོད་པའི་སྨན་པ་གཏོང་རྒྱུའི་གོ་སྒྲིག་ཀྱང་ཞུ་ཆོག་ཅེས་བཀའ་སློབ་སྩལ། ཕྲུ་གུ་ནད་གཅོང་དེ་ཚོའི་ཁྲོད་བོད་ཕྲུག་གཉིས་ཀྱང་ཡོད་འདུག་པ་བཅས།།