༢༠༡༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་མོ་རི་གཙུག་ལག་སློབ་ཁང་དུ་ཉིན་གསུམ་རིང་གི་མཛད་འཕྲིན་བསྐྱངས་པའི་ཉིན་དང་པོར་སྔ་དྲོ་ཨི་མོ་རི་གཙུག་ལག་སློབ་ཁང་གི་གཙོ་འཛིན་ཇེམ་སི་ཝེག་ནར་(James Wagner) མཆོག་དང་ལྷན་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་སྐུ་ཞབས་ཝེག་ནར་མཆོག་གིས་ཨི་མོ་རི་གཙུག་ལག་སློབ་ཁང་དང་བོད་མིའི་དབར་གྱི་འབྲེལ་བ། ཨི་མོ་རི་དང་བོད་ཀྱི་ཚན་རིག་ལས་གཞིའི་ཐོག་ཞིབ་ཕྲ་སྙན་སྒྲོན་ཞུས་ཡོད། དེ་བཞིན་ཁོང་གིས་ཨི་མོ་རི་དང་བོད་གཉིས་ལོ་གསུམ་རིང་མཉམ་རུབ་ཐོག་ལས་འགུལ་སྤེལ་བའི་གྲུབ་འབྲས་དང་པོ་དེ་མཚོན་ཆེད་བོད་སྐད་ཐོག་བསྒྱུར་པའི་ཚན་རིག་ཀློག་དེབ་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཨི་མོ་རི་གཙུག་ལག་སློབ་ཁང་དང་འབྲེལ་བ་བྱུང་ཚུལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་འབརེལ་བའི་བཀའ་སློབ་སྩལ་དོན། འདས་པའི་ལོ་ ༣༠ རིང་ངོས་ཀྱི་ཚན་རིག་པ་དང་ལྷན་སྣང་སྲིད་རིག་པ་དང། ཀླད་ཁམས་རིག་པ། ཀོན་ཊམ་རྣམ་གཞག སེམས་ཁམས་རིག་པ་བཅས་གནད་དོན་གཙོ་བོ་བཞིའི་ཐོག་བགྲོ་གླེང་བྱེད་བཞིན་ཡོད། གནད་དོན་བཞི་པོ་འདེམས་དགོས་དོན་ནི་སློབ་ཚན་དེ་དག་ནང་ཆོས་ནང་གསུངས་ཡོད་པར་བརྟེན། བགྲོ་གླེང་གི་བརྒྱུད་རིམ་དེ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ནང་པ་ཚོས་ཕྱི་དངོས་པོ་དེ་ཚན་རིག་གི་ཐབས་ལམ་ནས་ཤེས་རྒྱུར་ཕན་ཐོགས་བྱུང་ཡོད། དེ་བཞིན་ཚན་རིག་པ་ཚོས་ཀྱང་སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་བྱེད་རྒྱུ་འགོ་བཙུགས་ཡོད། དེའི་སྐོར་ནང་ཆོས་ནས་གང་ཙམ་ཤོད་རྒྱུ་ཡོད་ཅེས་བཀའ་སློབ་སྩལ། ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། བགྲོ་གླེང་གི་ཆ་ཤས་དེས་ཨི་མོ་རི་དང་བོད་ཀྱི་ཚན་རིག་ལས་གཞིའི་དེའི་བརྒྱུད་བོད་པའི་གྲྭ་བཙུན་རྣམས་ལ་དེང་དུས་ཀྱི་ཚན་རིག་ངོ་སྤྲོད་བྱེད་རྒྱུར་ཕན་ཐོགས་བྱུང་ཡོད། ལོ་རྒྱུས་ལྡན་པའི་ལས་གཞི་དེས་ནང་པ་ཚོར་སློབ་སྦྱོང་བྱེད་རྒྱུའི་སློབ་ཚན་གསར་པ་ཞིག་ངོ་སྤྲོད་བྱས་ཡོད་ཅེས་བཀའ་སློབ་སྩལ་ཡོད། ཡང་མགོན་པོ་གང་ཉིད་མཆོག་གིས་བོད་སྐད་ཐོག་བསྒྱུར་ཟིན་པའི་ཚན་རིག་གི་ཀློག་དེབ་བཞི་པོ་ནི་ཨི་མོ་རི་དང་བོད་ཀྱི་ཚན་རིག་ལས་གཞིའི་དངོས་ཡོད་གྲུབ་འབྲས་ཤིག་ཡིན༉། བོད་པའི་དགོན་སྡེ་ཁག་གི་སློབ་ཚན་དེང་དུས་ཚན་རིག་སློབ་འཁྲིད་བྱ་རྒྱུའི་འཆར་གཞི་འགྲོ་བཞིན་ཡོད་སྐོར་སོགས་བཀའ་སྩལ། དེ་རྗེས་ཚོགས་བཅར་བ་རྣམས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ། དེ་ཡང་ཐོག་མར་ཚོགས་བཅར་བ་གཅིག་གིས་མ་རྩའི་རིང་ལུགས་དེས་རྒྱ་ནག་མང་གཙོར་འགྱུར་ཐུབ་བམ་ཞེས་པའི་དྲི་བར་བཀའ་ལན་སྩལ་དོན། ངོས་ཀྱི་བསམ་པར་དེ་འདྲ་ཞིག་ཡོང་གི་མ་རེད། འོན་ཀྱང་ད་ཆ་རྒྱལ་ཁབ་མང་ཆེ་བ་རང་དབང་དང་མང་གཙོའི་ཁ་ཕྱོགས་སུ་འགྲོ་བཞིན་ཡོད། མི་སྒེར་གྱིས་གསར་གཏོད་བྱ་རྒྱུའི་རྣམ་དཔྱོད་དེ་དགོས་ངེས་ཤིག་ཆགས་ཡོད། མི་སྒེར་ལ་རང་དབང་ཡོད་ཚེ་རྣམ་དཔྱོད་དེ་བེད་སྤྱོད་གཏོང་ཐུབ། རྒྱ་ནག་ཀྱང་འཛམ་གླིང་གི་འགྲོ་ཕྱོགས་དང་མཐུན་པར་འགྲོ་དགོས་ཞེས་བཀའ་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་བཀའ་སྩལ་དོན། རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་ཡར་རྒྱས་ཇེ་ཆེར་འགྲོ་བཞིན་པར་བརྟེན་འཛམ་གླིང་ནང་བཟང་ཕྱོགས་ཀྱི་ཡར་རྒྱས་ཆེད་འབད་བརྩོན་བྱུ་རྒྱུར་འགན་ཆེན་པོ་ཞིག་ཡོད། དེ་ལྟར་ཡོང་བར་ཡིད་ཆེས་དང་གུས་བརྩི་དགོས་པ་མ་ཟད་ཕྱི་གསལ་ནང་གསལ་ཡང་དགོས། ད་ལྟའི་ཆར་གནས་ཚུལ་ཚང་མ་རྒྱལ་ཁབ་ཀྱི་གསང་བར་ངོས་འཛིན་བྱས་པ་དེས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་ཡར་རྒྱས་ཆེད་རྒྱ་ནག་གིས་ཞབ་འདེགས་བསྒྲུབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་ནག་མི་མང་དུང་ཕྱུར ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུ་དང་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུའི་ཐོབ་ཐང་ཡོད། དེར་བརྟེན་དམ་བསྒྲགས་བྱེད་རྒྱུ་དེ་ཚུལ་མིན་ཞིག་ཡིན་པས། གུ་ཡངས་ལྡན་པའི་སྤྱི་ཚོགས་ཤིག་དགོས་གལ་ཆགས་ཡོད་ཅེས་བཀའ་སློབ་སྩལ།།