༢༠༡༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ཁེ་ཎ་ཌའི་རྒྱལ་ས་ཊོ་རོན་ཊོའི་གྲོང་ཁྱེར་ཨོན་ཊ་རི་ཡོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་གསར་འགོད་པ་ཁག་གཅིག་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་བཀའ་སློབ་དང་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་སྐད་ཡིག་སྐོར་དང་མཛམ་གླིང་ནང་དུ་ནང་པ་སངས་རྒྱས་པའི་ཆོས་དེ་དར་འཕེལ་འགྲོ་རྒྱུར་བོད་སྐད་ཀྱི་ཕན་པ་ཇི་འདྲ་ཡོད་སྐོར་སོགས་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ནང་སྐད་ཡིག་འདྲ་མིན་ཡོད་པ་དེ་དག་རྒྱལ་ཁབ་ཁ་བྲལ་འགྲོ་རྒྱུའི་རྐྱེན་དུ་མི་བརྩི་བར་དར་སྤེལ་དང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་གཞཱུང་ཕྱོགས་ནས་དཔེ་བླང་ཆོག་ཅེས་བཀའ་སློབ་སྩལ་ཡོད། དེ་ནས་གསར་འགོད་པ་ཞིག་གིས་བོད་རྒྱ་འབྲེལ་མོལ་ད་བར་ཐེངས་དགུ་ཙམ་བྱས་ཡོད་ཀྱང་བོད་ཀྱི་གནད་དོན་ཐད་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་མེད་པ་དེའི་ཐོག་མགོན་པོ་གང་ཉིད་མཆོག་གིས་དགོངས་ཚུལ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་བོད་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པ་མ་ཟད། སྐབས་རེ་གཉེན་སྒྲིག་གི་འབྲེལ་བའང་བྱུང་ཡོད། ཕྱོགས་མཚུངས་སྐབས་རེ་ཕན་ཚུན་དམག་ཐབ་ཀྱང་བྱས་ཡོད། ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་མ་རྫོགས་གོང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དག་གིས་ཕན་གནོད་ཇི་ཡོད་མཚུངས་བསྡུར་སྐབས་ཕན་པ་ལས་གནོད་སྐྱོན་ཤུགས་ཆེ་བ་ཡོད་སྐོར་གསུངས་ཡོད། ཕྱི་ལོ་ ༡༩༥༤ ། ༥༥ རིང་ངོས་རང་རྒྱ་ནག་དུ་བསྐྱོད་སྐབས་ནས་མའོ་ཙེ་ཏུང་དང་རྒྱ་ནག་གཞུང་གི་འགོ་ཁྲིད་གཞན་རྣམས་ལ་མཇལ་འཕྲད་བྱུང་། སྐབས་དེར་ཁོང་ཚོའི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་དེར་ངོས་རང་དགའ་མོད་ཆེན་པོ་བྱུང། དེ་དུས་ངོས་རང་ཡང་དམར་ཤོག་གི་ཚོགས་མི་ཞིག་བྱེད་འདོད་བྱུང། ངོས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་དེ་མར་ཁེ་སི་རིང་ལུགས་དང་མཐུན་པ་ཞིག་ཡིན། ངོས་རང་མར་ཁེ་སི་རྗེས་འབྲང་པ་ཞིག་ཡིན་བསམ་པ་ལས་སི་ཏཱ་ལིང་དང་ལེ་ཉིན་གྱི་རྗེས་འབྲང་བ་ཞིག་མིན། འོན་ཀྱང་མཐའ་མ་དེར་མའོ་ཙེ་ཏུང་དང་རྒྱ་ནག་གི་དབུ་ཁྲིད་རྣམས་དབང་ཆ་འཛིན་རྒྱུའི་བསམ་བློ་ཁོ་ན་བཅང་པར་བརྟེན་ད་ཆ་རྒྱ་ནག་གུང་ཁྲན་ཚོགས་པ་དེ་བཞིན་ལྐོག་བཟའ་རུལ་སུངས་ཀྱི་དཀའ་ངལ་འོག་ཉམས་རྒུད་འགྲོ་བཞིན་ཡོད། ཉམས་རྒུད་ཕྱིན་པའི་རྐྱེན་གྱིས་དམ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་ཆགས་ཡོད། འོན་ཀྱང་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ་གནས་ཚུལ་ངོ་མ་གང་ཡིན་རྟོགས་ཞིབ་བྱ་རྒྱུའི་ནུས་པ་དང་ཐོབ་ཐང་ཡོད་སྟབས་རྒྱ་ནག་གཞུང་གིས་གནས་ཚུལ་དམ་བསྒྲགས་བྱས་པ་དེས་མི་མང་གིས་གཞུང་ལ་ཡིད་ཆེས་རླག་གི་ཡོད། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་དམ་བསྒྲགས་བྱེད་ཐུབ་ཀྱང་འཛམ་གླིང་གི་ཡུལ་གྲུ་གཞན་ནང་དམ་བསྒྲགས་བྱེད་མི་ཐུབ། ཧུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་དགོས་སྐོར་ཤོད་ཀྱི་ཡོད་ཀྱང་དེ་འདྲ་ཡོང་བར་གཞུང་དང་མི་མང་ཕན་ཚུན་དབར་ཡིད་ཆེས་དགོས། རྒྱ་ནག་སྤྱི་ཚོགས་དེ་གུ་ཡངས་དང་རང་དབང་ཡོད་པ་ཞིག་ཆགས་ཐུབ་ཚེ་བོད་ཀྱི་གནད་དོན་ཡང་སེལ་ཐུབ། བོད་མི་ཚོས་ཀྱང་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་འདོད་ཀྱི་ཡོད། ཁེ་ཎ་ཌར་བསླེབས་པའི་བོད་མི་ཚོ་ཡང་ཆོས་དོན་དུ་གཉེར་ནས་ཡོང་བ་ཞིག་མིན་པར་དངུལ་གྱི་ཆེད་དུ་ཡོང་བ་ཞིག་ཕལ་ཆེར་རེད། བོད་མི་ཚོས་ཀྱང་བདེ་བ་འདོད་ཀྱི་ཡོད། ལོ་མང་རིང་ནས་ང་ཚོས་རྒྱ་ནག་སྐམ་ས་དང་འབྲེལ་བ་བྱེད་རྒྱུའི་ཐབས་ཤེས་གང་ཡོང་བྱས་ཀྱང་ཚུར་ཡར་ལེན་དེ་ཙམ་བྱས་མེད། འོན་ཀྱང་གནམ་བདེ་སྒོ་མོའི་གནད་དོན་བྱུང་རྗེས་རྒྱ་ནག་མི་མང་གིས་ཚུར་འབྲེལ་བ་བྱེད་རྒྱུ་ཏོག་ཙམ་ལེགས་སུ་ཕྱིན་སོང། དེ་ནས་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་མི་མང་གིས་བོད་དོན་ལ་དོ་སྣང་ཆེ་རུ་ཕྱིན་པ་དང། ངོས་ནས་བོད་མི་རིགས་དང་རྒྱ་ནག་མི་རིགས་གཉིས་དབར་མཛའ་འབྲེལ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུ་མུས་ཡིན། ངོས་རང་བོད་མི་ཞིག་ཡིན་པ་དང། ཏཱ་ལའི་བླ་མའི་མིང་ཞིག་འཁྱེར་ཡོད་སྟབས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་ངོས་ལ་ཡིད་ཆེས་ཤུགས༌ཆེ་བྱས་པར་བརྟེན་བོད་ཀྱི་གནད་དོན་སེལ་སླད་ངོས་ལའང་འགན་ཡོད་ཅེས་བཀའ་སློབ་སྩལ།
ཡང་གསར་འགོད་པ་ཞིག་གིས་རྒྱ་གར་གཞུང་ནས་བོད་རྒྱ་འབྲེལ་མོལ་ཐད་རོགས་རམ་ཇི་ཙམ་ཡོད་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་གར་གཞུང་གིས་བོད་དོན་ལ་བཟང་སྤྱོད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་བོད་རྒྱ་འབྲེལ་མོལ་ཐད་ང་ཚོས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་པ་ལས་རྒྱ་གར་དང་འབྲེལ་བ་གང་ཡང་མེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་མོ་རར་ཇི་སྡེ་སའི་རྒྱ་གར་དང་བོད་གཉིས་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡལ་ག་ལྟ་བུ་ཡིན་ཞེས་གསུངས་ཡོད། འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་ཆོས་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོད་པ་མ་ཟད། རྒྱ་གར་གྱི་གཙང་ཆུ་དང་ཆུ་ཆེན་ཁག་མང་པོ་ཞིག་ཀྱང་བོད་ནས་ཡོང་གི་ཡོད་པར་བརྟེན་ཡུལ་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་ཅེས་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་གསར་འགོད་པ་ཞིག་ལ་གཟིགས་ཏེ་ཞལ་ཤོབ་མཛད་པ་དང་སྦྲགས་བཀའ་སྩལ་དོན། དེ་སྔ་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་པ་དེར་ཆབ་སྲིད་ཀྱི་གནད་དོན་གང་ཡང་མིན་པར་དངོས་ཡོད་གནས་ཚུལ་ཐོག་བོད་ཀྱི་ནང་ཆོས་ཀྱི་འབྱུང་ཁུངས་དེ་རྒྱ་གར་ཆགས་ཡོད། གལ་ཏེ་ཁྱེད་ཚོས་ངོས་ཀྱི་ཀླད་པ་ཁ་ཕྱེ་ནས་བལྟས་པ་ཡིན་ན་ངོས་ཀྱི་གང་ཤེས་པའི་ཡོན་ཏན་ཐམས་ཅད་རྒྱ་གར་ན་ལེཎྡྲའི་མཁས་པས་མཛད་པའི་ཡོན་ཏན་ཤ་ཏག་ཡིན། དེ་བཞིན་ངོས་ཀྱི་གཟུགས་པོ་དེའང་ལོ་ངོ་ ༥༡ ཙམ་གྱི་རིང་རྒྱ་གར་གྱི་དྷལ་ (Dal) དང་བག་ལེབ་ (Roti) ལ་བརྟེན་ནས་འཚོ་ཡོད་ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པ་གཅིག་གིས་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེས་རྒྱ་ནག་ནང་མང་གཙོ་ཡར་རྒྱས་འགྲོ་རྒྱུར་ཕན་གནོད་ཇི་ཡོད་མགོན་པོ་གང་ཉིད་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྐུ་ཞབས་ལིའུ་ཞའོ་པོའི་སྙིང་སྟོབས་ལ་སྔགས་བརྗོད་ཀྱི་གཟེངས་རྟགས་དེས་ད་ལྟ་གང་ཡོང་ཤོད་མི་ཐུབ་ཀྱང་མ་འོངས་པར་རྒྱ་ནག་ནང་མང་གཙོ་འཕེལ་རྒྱས་འགྲོ་རྒྱུར་ཏན་ཏན་ཕན་གྱི་རེད་ཅེས་བཀའ་ལན་སྩལ།
ཡང་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་དུས་རྟག་ཏུ་ཐུགས་སྤྲོ་སྣང་ཆེན་པོ་ཡོད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་ངོས་ཀྱི་སྤུན་མཆེད་གཅིག་མ་གཏོགས་གཞན་ཚང་མ་སྣང་བ་སྐྱིད་པོ་ཡོད་པས་རིགས་རྒྱུན་གྱི་རྒྱུ་མཚན་ཡིན་སྲིད། ཡང་ན་བོད་ཀྱི་ས་ཆ་དེ་གཞི་རྒྱ་ཆེ་ལ་མི་ཉུང་ཉུང་ལས་མེད་སྟབས་མི་ཕན་ཚུན་འཕྲད་སྐབས་སེམས་ལ་དགའ་འཚོར་ཆེན་པོ་ཡོང་གི་ཡོད་པ་སོགས་ས་ཆའི་ཆགས་སྟངས་ལའང་རག་ལུས་སྲིད། དེ་མིན་གཞན་དམིགས་བསལ་རྒྱུ་མཚན་གང་ཡང་མེད་སྟབས་ཚན་རིག་པ་ཚོས་དེར་རྟག་དཔྱད་ཞིག་བྱས་ན་ཞེས་ཞལ་ཤོབ་མཛད།
དེ་ནས་༸གོང་ས་མཆོག་གིས་དུས་རབས་ ༨ པའི་ནང་ཞི་བ་ལྷས་མཛད་པས་དཔྱོད་འཇུག་ནང། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་ཡོད་པས་ཁྱེད་རང་ཚོས་དུས་རྟག་ཏུ་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་དཔྱད་པ་བྱེད་དགོས་པ་དང། བཅོས་མི་ཐུབ་པའི་གནད་དོན་ལ་སེམས་ཁྲལ་བྱེད་པ་དེ་རང་གི་རང་ལ་སྡུག་པོ་བཏང་བ་ལྟ་བུ་རེད་ཅེས་བཀའ་ལན་ཟབ་རྒྱས་སྩལ་ཡོད།།