༢༠༡༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༤ དང་ ༥ ཉིན་གཉིས་རིང་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་ (Brussels) ནང་ཨེ་ཤི་ཡ་དང་ཡུ་རོབ་ཚོགས་ཆེན་ (ASEM) ཐེངས་བརྒྱད་པ་དེ་ཚོགས་ཡོད། ཕྱི་ཚེས་ ༦ ཉིན་རྒྱལ་ས་དེ་རང་དུ་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་ལྷན་ཚོགས་ཀྱི་ཚོགས་ཆེན་ (EU-China Summit) ཞེས་པ་དེ་ཚོགས་ཡོད། ཚོགས་ཆེན་དེ་མ་ཚོགས་སྔོན་ཙམ་དུ་ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ཀ་རེལ་ཌི་གུ་ཆི་ (Karel De Gucht) མཆོག་ནས་ཚོགས་ཆེན་སྐབས་རྒྱ་མིའི་སྐུ་ཚབ་ཚོས་བོད་ཀྱི་མིང་ཙམ་ཡང་ཚོགས་ཆེན་ཐོག་མ་བསླེབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ནའང་། ཡུ་རོབ་དང་རྒྱ་ནག་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་རྒྱུ་ཡིན་ཞེས་ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་ནས་ཐག་གཅོད་གནང་ཡོད། དེ་ཡང་ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་གིས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་སྤེལ་བའི་གཏམ་བཤད་ནང་འཁོད་དོན། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་བོད་མི་ཚོར་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར། ཆོས་དད་སོགས་ཀྱི་རང་དབང་ཆ་ཚང་སྤྲོད་དགོས་ཞེས་སོགས་འཁོད་ཡོད། ཚོགས་ཆེན་དེའི་སྐབས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡང་ཕེབས་ཡོད། ཕྱི་ཚེས་ ༥ ཉིན་སྦེལ་ཇམ་བོད་རིགས་ཚོགས་པ་དང་བོད་རང་དབང་རྒྱལ་ཡོངས་གཅིག་བསྡུས་ཚོགས་པ་ (UNFFT) ཞེས་པ་དང། རྒྱལ་སྤྱིའི་བོད་རང་དབང་ལས་འགུལ་ཚོགས་པ་(ICT) དང་། ཝི་རན་ཌན་ཝན་ཐི་བྷཐ་ (Vrienden van Tibet) ཞེས་པའི་ཚོགས་པ། ལེ་སི་ཨམི་སི་ཌུ་ཐི་བྷཐ་ (Les Amis du Tibet) ཞེས་པའི་ཚོགས་པ། སྦེལ་ཇམ་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་མི་ཡར་རྒྱས་དགེ་རྩ་ཚོགས་པ་ (Tibetan Development Fund) ཞེས་པ་དང། དེ་བཞིན་(Lights of Tibet and Vereiner der Tibeter Deutschland (VTD) ཞེས་པའི་ཚོགས་པ་བཅས་ནས་ཚོགས་ཆེན་ནང་མཉམ་ཞུགས་བྱེད་མཁན་རྒྱ་མིའི་སྐུ་ཚབ་ཚོར་ཞི་བའི་ངོ་རྒོལ་བྱས་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་ཚོས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་སྲིད་བྱུས་འགན་འཛིན་ལྕམ་སྐུ་ (Baroness Aashton ) མཆོག་ལ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་ཐད་ཀར་བོད་དོན་ལ་སེམས་འཚབ་ཡོད་སྐོར་གླེང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག ཕྱོགས་མཚུངས་གནད་དོན་དེ་དང་འབྲེལ་ནས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་མིཊ་ཊན་ (Vincent Metten) མཆོག་གིས་གསུང་དོན། ལྕམ་སྐུ་ (Baroness Aashton ) རྒྱ་ནག་ལ་ཐེངས་གཉིས་ཙམ་ཕེབས་མྱོང་ཡོད་པས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་སྐོར་རྒྱུས་མངའ་ཡོད་པ་མ་ཟད། བོད་ནང་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ཀྱང་རྒྱུས་མངའ་ཡོད། དེར་བརྟེན་ལྕམ་སྐུ་མཆོག་གིས་གོ་སྐབས་དེ་དང་བསྟུན་ནས་ད་ལྟའི་བོད་ནང་གི་དཀའ་ངལ་གྱི་གནས་སྟངས་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་དེར་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡོང་ཐབས་དགོས་སྐོར་རྒྱ་ནག་གི་སྲིད་བློན་དང་ལྷན་ཐད་ཀར་བཀའ་མོལ་ཞུ་དགོས། གནད་དོན་དེ་དག་ལ་ང་ཚོ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོ་དང་ཡུ་རོབ་མི་མང་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུ་རོབ་ཏུ་རྒྱལ་སྤྱིའི་ཚོགས་ཆེན་ནང་མཉམ་ཞུགས་བྱེད་མཁན་རྒྱ་མིའི་སྐུ་ཚབ་འཐུས་མི་ཚོར་ངོ་རྒོལ་ཤུགས་ཆེ་བྱས་པ།
གསར་གནས།
འབྲེལ་གནས།