༢༠༡༠ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་ཕྱོགས་ནས་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་ས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་ཟེར་བའི་ལས་བྱེད་ལིའུ་པིང་ཞེས་པའི་མིང་ཐོག་ནས་སྤེལ་བའི་དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཐད་ལ་བསམ་གཞིགས་ཞེས་པའི་དོན་ཚན་གཉིས་པའི་ནང་བོད་ནང་གི་མི་སྣ་གསོ་སྐྱོང་བྱས་ཏེ་བེད་སྤྱོད་གཏོང་ཚུལ་དང་བཙན་བྱོལ་བོད་མིའི་སེམས་པ་བསླུ་ཁྲིད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་མེད་པ་བཟོ་ཐབས་སོགས་ཀྱི་ཐད་སྤེལ་བའི་གནས་ཚུལ་ངོ་མ་གཤམ་གསལ།
བརྟན་ལྷིང་དང་གོང་འཕེལ་གྱི་ལྟེ་བར་དམིགས་ཏེ། རིགས་མི་འདྲ་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐུན་སྒྲིལ་བྱེད་དགོས། ༡༩༥༡ ལོ་ནས་བཟུང་བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་། ཟིང་འཁྲུགས་ཞོད་འཇགས། དམངས་གཙོ་བཅོས་སྒྱུར། བསྒྱུར་བཅོས་སྒོ་འབྱེད་བཅས་ལོ་རྒྱུས་ཀྱི་དུས་རིམ་ཁ་ཤས་བརྒྱུད་མྱོང་ཡོད་ཅིང་། སྤྱི་ཚོགས་ལམ་སྲོལ་ཐེངས་འགའ་ལ་འགྱུར་བ་དང་ལེགས་སྒྲིག་བྱས་ཡོད་པ་དང་། ལྷག་པར་དུ་མདོ་དབུས་ལྕགས་ལམ་མཐུད་པ་ནས་བཟུང་། བོད་དུ་མི་འབོར་འགྲོ་འོང་གི་རང་དབང་ཆེ་རུ་སོང་སྟེ་ཡུལ་སྐོར་སྤྲོ་འཆམ་ཚུད་པའི་ཐོན་ལས་གསུམ་པ་དང་སྣ་མང་དཔལ་འབྱོར་གྱི་གྲུབ་ཆ་ཐོན་པ་དང་འཕར་བ་བརྒྱུད། བོད་དུ་རིམ་བཞིན་སྤྱི་ཚོགས་ཀྱི་རིམ་པ་གསར་པ་ཁ་ཤས་ཐོན་ཡོད་པ་དང་། རིགས་མི་འདྲ་བའི་ཁེ་ཕན་གྱི་འབྲེལ་བའི་བར་རྩོད་རྙོག་དང་ལེགས་སྒྲིག་གིས་གཡོལ་ཐབས་མེད་པའི་སྒོ་ནས་འགལ་ཟླ་གསར་པ་ཁ་ཤས་ཐོན་ཡོད་པ་རེད། དེའི་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་གཙོ་བྱས་པའི་ཁ་བྲལ་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་གཏོར་བཤིག ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས་ཀྱིས་སྐུལ་སློང་བྱས་པར་བརྟེན། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གལ་ཆེའི་ལས་འགན་དེ་ཡིན།
༡ མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་བེད་སྤྱོད་ཡག་པོ་གཏོང་དགོས་པའི་ཤུགས་ཚད་ཆེ་རུ་གཏོང་དགོས། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱིས་བོད་ལྗོངས་ཁུལ་གྱི་དམངས་གཙོ་ཏང་ཤོག་གི་རྨང་གཞི་ཞན་ལ་སྤྱི་ཚོགས་ཚོགས་སྡེ་མང་པོ་མེད། གནས་སྟངས་འདིའི་འོག་བོད་དུ་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་འཛུགས་པ་དང་རྒྱ་བསྐྱེད་གཏོང་དགོས་ན་གནད་འགག་གཙོ་བོ་ཞིག་ནི་མི་རིགས་ཁག་ནང་གི་མི་སྣ་ཕུལ་བྱུང་ཅན་ང་ཚོའི་ལས་བྱེད་དཔུང་སྡེའི་ནང་དུ་བསྡུ་ལེན་གང་ལེགས་དང་། མིང་དོན་བཀོད་སྒྲིག་ཡག་པོ། གུང་ཁྲན་ཏང་ཡོན་དང་། ཏང་ཕྱིའི་ལས་བྱེད་མི་སྣའི་བར་ལས་དོན་མཉམ་སྒྲུབ་ལ་ཤུགས་སྣོན། མི་རིགས་ལས་བྱེད་པའི་བོད་ས་གནས་ཀྱི་སྲིད་སྐྱོང་གི་བྱ་གཞག་དང་སྤྱི་ཚོགས་དོ་དམ་སྐབས་ཀྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུ་བཅས་ལ་རག་ལས་ཡོད། མི་རིགས་ལས་བྱེད་པ་དེ་ཚོར་རང་ཉིད་ཀྱི་ཚབ་བྱེད་པ་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ཁྲོད་དུ་དུས་ནམ་ཡང་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ་བོད་མི་རིགས་མིན་པའི་ཏང་ཡོན་ལས་བྱེད་པ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་ཤུགས་ལྡན་ཡོད། སྲིད་བྱུས་གཅིག་པ་ཡིན་རུང་ཁོང་ཚོས་མང་ཚོགས་ལ་བཤད་ན་དུས་ནམ་ཡང་མི་རིགས་གཞན་གྱི་ཏང་ཡོན་ལས་བྱེད་པས་སྒྲུབ་པ་ལས་གྲུབ་འབྲས་ཆེན་པོ་ཐོན་ཐུབ། འདིས་འབྲེལ་བ་མཐུན་སྦྱོར་དང་། ཕན་ཚུན་བསམ་བློ་མཐུན་སྦྱོར། འགལ་ཟླ་སེལ་བ། ནུས་པ་ལྡན་པའི་སྒོ་ནས་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་སེལ་བ། བོད་ལྗོངས་སྤྱི་ཚོགས་ཀྱི་ཡུན་རིང་བདེ་འགོད་དངོས་སུ་འགྲུབ་རྒྱུ་བཅས་ལ་གལ་ཆེའི་ནུས་པ་ལྡན་ཡོད།
༢ ཕྱི་རྒྱལ་དུ་བསྡད་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་དགོས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ནི་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་གྱི་གལ་ཆེའི་ལས་འགན་ཞིག་ཡིན་པ་དང་། “རྒྱལ་གཅེས་ཁྱིམ་གཅིག་དང་། རྒྱལ་གཅེས་ལ་སྔ་རྗེས་མེད།” ཀྱི་སྲིད་བྱུས་དང་དབྱེ་བ་ཡོད་པའི་སྤྱོད་ཚུལ་ལ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་དང་དོན་ཐོག་ཏུ་འཁྱོལ་དགོས་ཤིང་། སྔར་ལས་མང་བའི་ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་པ་ཕྱོགས་པ་འགུག་ཐབས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་སྤྱི་ཚོགས་རྨང་གཞི་ཇེ་ཞན་དུ་གཏོང་དགོས། ཁ་བྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི་གནས་ཚུལ་ཧྲིལ་པོར་དམིགས་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང་། འགལ་ཟླ་བེད་སྤྱོད་བྱེད་པ། ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་དུ་ཁྱབ་དགོས། མི་སྔར་ཕྱི་སྡོད་བོད་རིགས་སྤུན་ཟླའི་གནས་བབས་གཞིར་བཟུང་སྟེ། དམིགས་བཙུགས་ཀྱིས་ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། གྲོགས་པོ་གསར་པ་གཏིང་ཟབ་པ་དང་གང་མང་འགྲིག་དགོས་པ་དང་། རྒྱལ་གཅེས་སྟོབས་ཤུགས་སྤྱི་འདུས་དང་འཕར་སྣོན་ཡོང་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་དགོས། དམིགས་བཙུགས་རང་བཞིན་དང་འདེམས་སྒྲུག་རང་བཞིན་གྱིས་རང་ཕྱོགས་ལ་ཕྱོགས་ཞེན་གྱི་ལྟ་ཚུལ་ཡོད་པ་དང་། ཡིན་ནའང་ཏཱ་ལའི་རུ་ཚོགས་དང་འགལ་ཟླ་ཡོད་པའི་སྒྲིག་འཛུགས་དང་མཐོ་རིམ་མི་སྣར་འབྲེལ་བ་བྱེད་དགོས་ཤིང་། སྟབས་བསྟུན་གྱིས་ལས་དོན་སྤེལ་དགོས་པ་དང་། རང་ཕྱོགས་ཀྱིས་བེད་སྤྱོད་གཏོང་ཐུབ་པ་ཚུར་འགུག་བྱེད་དགོས། དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང་། སྟངས་འཛིན་ནན་པོ་བྱེད་རྒྱུ། ཞིབ་བཤེར་ཆོག་མཆན་གནང་བ་ནན་པོ་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱི་སྡོད་བོད་རིགས་སྤུན་ཟླ་ཕྱིར་རྒྱལ་ནང་དུ་གཉེན་ཉེ་ཐུག་འཕྲད་སླེབས་པའི་ཞིབ་བཤེར་ཆོག་མཆན་དང་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་ནན་སྲུང་བྱེད་དགོས། ལོ་རབས་ ༨༠ ནས་དུས་རབས་ ༢༠ བར་བཟུང་རྒྱལ་ཁབ་ནས་ཕྱིར་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་གཅེས་བོད་རིགས་སྤུན་ཟླས་ཕྱི་རྒྱལ་དུ་ཚོགས་སྡེ་དང་དཔལ་འབྱོར་ཚོང་གཉེར་ཁང་སོགས་བཙུགས་པར་རྒྱབ་སྐྱོར་བྱས་པ་བཅས་ནུས་ལྡན་གྱི་བརྒྱུད་ལམ་དང་བྱེད་ཐབས་བརྒྱུད་དེ་ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས། ཕྱི་སྡོད་བོད་རིགས་སྤུན་ཟླར་སྣེ་ལེན་དོ་དམ་གྱི་དྲ་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཏཱ་ལའི་འགྲམ་དུ་ཡོད་པ་དང་དེ་བཞིན་བར་གནས་ཀྱི་ལམ་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་གལ་སྲིད་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་མིན་ཚེ་ང་ཚོས་ཧུན་བརྩོན་གྱིས་ཚུར་འགུག་གི་བྱ་བ་སྒྲུབ་དགོས་པ་དང་། ཁོང་ཚོ་རང་ཕྱོགས་ལ་ཕན་པའི་ཕྱོགས་ལ་བསྐྱོད་ཐུབ་པ་བྱེད་འཇུག་དགོས། ཏཱ་ལའི་ཡི་རྗེས་འབྲང་རྣམ་དག་ཅན་དང་། ཏཱ་ལའི་ཡི་མཁྲེགས་བཟུང་ཁ་བྲལ་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་བོད་རིགས་སྤུན་ཟླ་ལ་དུས་ཐོག་ཏུ་རྗེས་འདེད་བྱས་ཏེ་ཁོང་ཚོའི་འགུལ་ཕྱོགས་རྒྱུས་ལོན་བྱེད་དགོས་པ་དང་། གོ་སྐབས་འཚམ་དུས་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་དགོས། ཞེས་འཁོད་འདུག་པས་རང་རིགས་རྣམས་ཀྱི་རིག་པ་དྭངས་གསལ་ཐོག་རྒྱ་ནག་གཞུང་ཕྱོགས་ཀྱིས་བྱེད་ལས་དེ་ཚོའི་གཡོ་བྱུས་འོག་མི་ཚུད་པ་དང་དོ་སྣང་ཆེན་པོ་བྱེད་དགོས་པའི་ཡིད་འཇགས་ཞུ་རྒྱུ་ཡིན་གོང་གསལ་གྱི་གནས་ཚུལ་ཆ་ཚང་ཀྲུང་གོའི་བོད་རིག་པའི་དུས་དེབ་ ༢༠༡༠ ལོའི་འདོན་ཐེངས་གཉིས་པར་གཟིགས་པ་ཞུ།
རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་བོད་གཞུང་ལ་དམིགས་ཏེ་ཁ་གཏད་གཅོག་པའི་ཐབས་བྱུས་སྣ་ཚོགས་སྤེལ་བཞིན་པའི་གནས་ཚུལ་ངོ་མ།
གསར་གནས།
འབྲེལ་གནས།