༢༠༡༠ ཟླ་ ༡༠ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ནས་ ༡༧ བཅས་ཉིན་གྲངས་གསུམ་རིང་ཡུ་རོབ་རྒྱལ་ཁབ་འདྲ་མིན་ཁག་ ༡༢ ཙམ་གྱི་ནང་གནས་སྡོད་བོད་མིའི་སྐུ་ཚབ་ ༥༥ ཙམ་ཕ་རན་སིའི་རྒྱལ་ས་པཱ་རི་སིའི་ནང་ཡུ་རོབ་བོད་མིའི་ལྷན་ཚོགས་ (ETC) ཐེངས་གཉིས་པ་འཚོགས་རྒྱུ་ཡིན་འདུག ཚོགས་ཆེན་དེར་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཆོག་གིས་གཞུང་འབྲེལ་གནས་འཕྲིན་ཞིག་གནང་ཡོད། ཕྱོགས་མཚུངས་ཚོགས་ཆེན་སྐབས་གསུང་བཤད་གནང་མཁན་གཙོ་བོ་ནི་༸གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་ཕ་རན་སིའི་གྲོས་ཚོགས་འཐུས་མི་ཕ་རི་སི་རྫོང་ ༡༡ པའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་པེཊ་རིག་བྷོ་ལོ་ཆེ་མཆོག་ཡིན་པ་དང། དེ་བཞིན་སྐབས་དེར་སྦེལ་ཇམ་རྒྱལ་ས་བྷར་སེལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་མེ་ཊེན་ (Vincent Metten) མཆོག་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་ཡུ་རོབ་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོའི་འབྲེལ་བའི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག ཚོགས་འདུའི་སྐབས་གཙོ་བོ་ཡུ་རོབ་ནང་གནས་སྡོད་བོད་མི་རྣམས་མཐུན་ལམ་གོང་སྤེལ་ཇི་འདྲ་གཏོང་ཐུབ་མིན་དང་། ལྷག་པར་དུ་བཙན་བྱོལ་བོད་གཞུང་དང་འབྲེལ་བ་དམ་ཟབ་གཏོང་ཐབས་ཡིན་འདུག ཚོགས་འདུའི་མཇུག་བསྡོམས་ཉིན་འབྱུང་འགྱུར་སྤྱི་འཐུས་འོས་ཤོག་སྐོར་མང་ཚོགས་ནས་བགྲོ་གླེང་གནང་འཆར་འདུག ཚོགས་འདུ་དེ་བཞིན་ལོ་གཉིས་རེའི་མཚམས་སུ་འཚོགས་བཞིན་ཡོད། ད་ཐེངས་ཚོགས་འདུའི་སྐབས་ཨོ་སི་ཊི་ཡ་དང་སྦེལ་ཇམ། ཌེན་མག ཕ་རན་སི། ཧང་གྷ་རི། ཨ་ཡིར་ལན་ཌེ། ཨི་ཊ་ལི། ཧོལ་ལན་ཌེ། ནོར་ཝེ། པོ་ལན་ཌེ། སི་པེན། དབྱིན་ཡུལ་བཅས་ཡུ་རོབ་རྒྱལ་ཁབ་ ༡༢ ཙམ་གྱི་ནང་ས་གནས་བོད་རིགས་ཚོགས་པ་སོ་སོའི་སྐུ་ཚབ་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།
ཡུ་རོབ་བོད་མིའི་ལྷན་ཚོགས་ཐེངས་གཉིས་པ་འཚོགས་རྒྱུ་ཡིན་པ།
གསར་གནས།
འབྲེལ་གནས།