༢༠༡༠ ཟླ་ ༡༠ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་མ་ཡ་མི་ནང་རྟེན་གཞི་བྱས་པའི་མ་ཡ་མི་གཙུག་ལག་གྲྭའི་མིལ་ལེཌ་ཚོགས་ཁང་དུ་མང་ཚོགས་ ༡༠༠༠༠ ཙམ་ལ་དེང་དུས་འཛམ་གླིང་ནང་གི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་སྐབས་ཐོག་མར་༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་མཐོར་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་གནད་དོན་སེལ་ཐབས་མཛད་རྒྱུ་བཅས་མཛད་ཁུར་གསུམ་གྱི་སྐོར་བཀའ་སྩལ་དོན། ཕྱི་ལོ་ ༢༠༠༡ ནས་བཙན་བྱོལ་བོད་མི་ཚོས་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་པ་ནས་བཟུང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒས་ཡོལ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཟང་སྤྱོད་ཀྱི་རིམ་པ་གསུམ་ཡོད་པ་ངོ་སྤྲོད་སྩལ་དོན། གཞི་རིམ་གྱི་བཟང་སྤྱོད་རིམ་པ་དང་པོ་དེ་རང་ཉིད་འཚོ་གནས་དང་ཉེན་ཁ་ལས་གཡོལ་ཐབས་བྱ་རྒྱུ་ཡིན། དེ་ནི་ཆོས་ལུགས་དང་འབྲེལ་བ་གང་ཡང་མེད་ཁར་དུད་འགྲོ་ལའང་ཁྱད་ཆོས་དེ་ཡོད། རིམ་པ་གཉིས་པ་དེ་རང་གི་འཕྲལ་ཕུགས་ཀྱི་བདེ་དོན་ལ་བསམ་ཤེས་ཐོག་རང་ལ་གནོད་པའི་ལས་དོར་རྒྱུ་དང་ཕན་པའི་ལས་བསྒྲུབ་རྒྱུ་དེ་ཡིན། བཟང་སྤྱོད་དེ་ནི་མི་ཆོས་ཤིག་ཡིན་པས་ཆོས་ཁས་ལེན་མིན་གྱིས་ཁྱད་པར་གང་ཡང་མེད། རིམ་པ་གསུམ་པ་དེ་ཆོས་དང་འབྲེལ་བའི་བཟང་སྤྱོད་ཡིན། སྐབས་དེར་ཆོས་ལུགས་སོ་སོའི་ནང་གང་ཟག་སོ་སོར་བཟང་སྤྱོད་ཀྱི་ལམ་སྟོན་བྱེ་བྲག་པ་རེ་རེ་ཡོད་ཅེས་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་གནང་མཁན་དབུ་ཁྲིད་མང་ཆེ་བ་ཆོས་ལ་ཡིད་ཆེས་ཤུགས་ཆེ་ཡོད་མཁན་ཤ་སྟག་ཡིན་ནའང་རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚང་མར་གུས་སྐུར་ཞུ་རྒྱུའི་ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་དེའི་ཐོག་༸གོང་ས་མཆོག་སྐུ་ཉིད་ཀྱི་དགོངས་བཞེད་ཇི་ཡོད་གསལ་བཤད་ལྷུག་པོ་མཛད་པ་མ་ཟད། ཨིརཱག་དང་ཨ་ཕི་གྷན་དམག་གི་སྐོར་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ཀུན་སློང་ཡག་པོ་ཡོད་ནའང་ཐབས་ལམ་ནོར་བར་བརྟེན་རྗེས་འབྲས་བསམ་ཡུལ་ལས་འདས་པ་ཡོང་གི་ཡོད་ཅེས་བཀའ་སྩལ། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། འཛམ་གླིང་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་རྣམས་མང་པོ་ཞིག་གིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། འོན་ཀྱང་ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་དང་མཚུངས་པ་ཁོང་ཚོས་ཀྱང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དོན་གཉེར་བྱེད་ཀྱི་ཡོད་ཅེས་བཀའ་སློབ་སྩལ་བ་དང་སྦྲགས། ནང་བསམ་བློའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་སྐོར་བཀའ་སློབ་སྩལ་དོན། དུས་རབས་ ༢༠ པའི་ནང་དམག་འཁྲུག་ཤུགས་ཆེ་བྱུང་ཡོད། དུས་རབས་ ༢༡ པའི་ནང་ཞི་བདེ་ཡོང་མིན་གཞོན་སྐྱེས་སློབ་ཕྲུག་ཚོར་རག་ལུས་ཡོད་ཅེས་སོགས་ཀྱི་ བཀའ་སློབ་སྩལ། དེ་རྗེས་ཚོགས་བཅར་བ་རྣམས་ནས་ཁ་ཆེའི་ཆོས་པ་ཚོར་ལྟ་ཚུལ་དང་བྱམས་བརྩེའི་ཐོག་དགོངས་ཚུལ། ཡེ་ཤུའི་ཆོས་དང་ནང་ཆོས་དབར་མཚུངས་ཆོས་ཇི་ཡོད། ཤེས་ཡོན་གྱི་ལས་འགན་བཅས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ་དོན། མི་སྒེར་ཁག་གཅིག་གིས་བྱེད་སྟངས་མ་འགྲིག་པར་བརྟེན་ཁ་ཆེའི་ཆོས་པ་ཚང་མར་སྐྱོན་རྒྱག་གི་ཡོད། ནང་པ་དང་ཡེ་ཤུའི་དབར་བྱམས་བརྩེ་དང་བཟོད་བསྲན། ཚུལ་ཁྲིམས། འདོད་ཆུང་ཆོག་ཤེས་བཅས་བཟང་པོའི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན། ཡེ་ཤུའི་ཆོས་པ་ཚོས་འཛམ་གླིང་ཡོངས་ལ་ཤེས་ཡོན་ཁྱབ་སྤེལ་གཏོང་རྒྱུར་ཞབས་འདེགས་ཆེན་པོ་བསྒྲུབས་པ་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད། འོན་ཀྱང་རང་གི་ཕ་མེས་ཀྱི་ཆོས་ལུགས་ཡོད་བཞིན་པའི་མི་ཚོའི་ཆོས་ལུགས་བསྒྱུར་ཐབས་བྱེད་པ་དེ་དགེ་མཚན་གང་ཡང་མེད། ངོས་ཀྱིས་ནུབ་ཕྱོགས་སུ་ཆོས་བཤད་སྐབས་ནུབ་ཕྱོགས་པ་ཚོས་རང་གི་ཕ་མེས་ཀྱི་ཆོས་ ལུགས་གང་ཡིན་པ་དེ་རྩ་འཛིན་དགོས་རྒྱུ་གལ་ཆེ་ཚུལ་ཤོད་ཀྱི་ཡོད། སོག་ཡུལ་གྱི་ནང་པ་ཚོར་ཡེ་ཤུའི་ཆོས་ཁྱབ་སྤེལ་བྱེད་མཁན་ཚོས་དངུལ་སྤྲད་དེ་ཁོང་ཚོའི་ཆོས་ལུགས་བསྒྱུར་ཐབས་བྱས་པའི་གནས་ཚུལ་བྱུང་ཡོད། གང་ཟག་འདྲ་མིན་ལ་ཁམས་དང་མོས་པ་འདྲ་མིན་སྣ་ཚོགས་ཡོད་པར་བརྟེན་ཆོས་ལུགས་འདྲ་མིན་དང་ལྟ་གྲུབ་འདྲ་མིན་དགོས་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། ཟ་ཁང་ནང་ཁ་ཟས་རིགས་གཅིག་མ་གཏོགས་མེད་ཚེ་མི་ཚང་མའི་འདོད་པ་སྐོང་མི་ཐུབ། དེར་བརྟེན་ལུས་ལ་ཁ་ཟས་འདྲ་མིན་དགོས་པ་བཞིན་སེམས་ལ་ཆོས་ལུགས་འདྲ་མིན་དགོས་པ་ཞིག་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། ཚོགས་བཅར་བ་ཚང་མས་ཡར་ལངས་ཏེ་དགའ་བསུའི་ཐལ་མོ་བརྡབས་ཡོད་པ་བཅས།།